ཝང་ཅན་ཅུན་གྱིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སོང་ནས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་སྤེལ་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པ་སོགས་ཐད་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་ལ་འཆར་འགོད་ཞིབ་མོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ཁྲོད་ཡུས་ཧྲུའུ་ཡི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཝང་ཅན་ཅུན་སྔ་གཞུག་ཏུ་སྐྱེ་དགུ་སྲང་ལམ་ལས་སྒྲུབ་ཁྲུའུ་མཐུན་སྒྲིལ་གཞིས་ཁུལ་དང་བློན་པོ་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་རིག་འཛིན་མཚོ་མོ་དང་ཐུབ་བསྟན་ཚུལ་ཁྲིམས་ཚང་སོགས་སུ་སོང་ནས་གཞི་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་དང་བྱིས་པའི་སློབ་གསོ། ལས་ཞུགས་སྨན་བཅོས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

རྟོག་ཞིབ་མཇུག་རྫོགས་རྗེས། ཝང་ཅན་ཅུན་གྱིས་ཡུས་ཧྲུའུ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན། ཁོས་བསྟན་དོན། སྔ་མོ་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་གྲ་སྒྲིག་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཡིག་ཆའི་རེ་བ། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། བརྗོད་དོན་སློབ་གསོའི་རྨང་གཞི་བྱ་བ་བཟང་བོར་བསྒྲུབ་པ་དང་། སློབ་སྦྱོང་ལ་གྲ་སྒྲིག་ནན་མོ་བྱེད་པ། ལག་ལེན་འདེགས་སྐྱོར་དུ་བྱེད་པ། ཕུན་སུམ་ཚོགས་པའི་གྲུབ་འབྲས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་དམ་འཛིན་བཟང་བོ་བྱེད་དགོས། གནད་འགག་ལ་དམ་འཛིན་དང་སྤྱི་ཡོངས་ལ་དམ་འཛིན་བྱེད་པ། སྣང་མེད་དུ་འཇོག་མི་རུང་བ་དང་སྟེས་དབང་གི་བསམ་ཚུལ་ཡོད་མི་རུང་བར། རྩ་ལག་མཉམ་བཅོས་བྱེད་པར་དམིགས་ནས་ལག་བསྟར་དམ་འཛིན་བྱས་ཏེ། ཆེད་དོན་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། དབུལ་སྐྱོར་ལས་བྱེད་པའི་བརྩོན་སེམས་ཆེར་སྐྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཀྲུང་དབྱང་གི་ཁས་ལེན་ཐོབ་པ་དང་མང་ཚོགས་ཡིད་ཚིམ་པ། ལས་བྱེད་པས་ཡི་རང་བའི་གྲུབ་འབྲས་བླངས་ནས། 2019ལོར་དབུལ་བོ་དབུལ་ནག་ཧ་ལམ་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།