ལིག་ཉིང་གིས་མཚོ་བྱང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གཉིས་སུ་སོང་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་། མིག་སྔའི་བྱ་བ་གཙོ་བོ་བཅས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། ནམ་ཡང་ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ཐད་ཀྱི་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ཏེ།  བཅོས་བསྒྱུར་སྒོ་འབྱེད་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་མཉམ་དུ་སྤེལ་དགོས་ཟེར།

ཆི་ལེན་རྫོང་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་ཡི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ། ལིག་ཉིང་གིས་མེ་ཏོག་སི་ར་ཕུལ་བ་དང་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། སྐབས་འདིར་དམར་དམག་རྒྱང་བསྐྱོད་དང་མཚོ་སྔོན་བཅིངས་འགྲོལ་གྱི་ལོ་རྒྱུས་ཕྱིར་དྲན་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཡིན་ལ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། གསར་བརྗེ་སྙིང་སྟོབས་དར་སྤེལ་བྱེད་པ། བརྗོད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་བར་གྲ་སྒྲིག་བཟང་བོ་བྱེད་པ། བློ་དཀར་དག་གཙང་གི་ཆབ་སྲིད་ཀུན་སྤྱོད་སྦྱོང་བརྡར་བྱས་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆར་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འབད་འཐད་ལྷོད་མེད་བྱེད་དགོས་ཟེར།

ཆི་ལེན་རྫོང་སྤྱི་བདེ་ཅུའུ་དང་མིན་ཡོན་རྫོང་སྤྱི་བདེ་ཅུའུ་རུ། ལིག་ཉིང་གིས་ཡིག་ཚགས་དང་དཔྱད་གཞི་ཡིག་ཆར་བལྟས་པ་དང་། 110བཀོད་འདོམ་ལྟེ་གནས་ལ་ལྟ་ཞིབ་བྱས་ལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་དང་མིའི་བློ་ཁ་ཕྱོགས་མིན། གཞི་རིམ་སྲིད་དབང་གི་སྲ་བརྟན་བཅས་དང་འབྲེལ་བ་ཡོད་པས། གཞིས་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཀྱི་སོ་ཁང་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། ནག་འཇོམས་ངན་སེལ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ་དང་ཟུང་འབྲེལ་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལིག་ཉིང་གིས་ད་དུང་མིན་ཡོན་རྫོང་ཆིན་ཧྲི་ཙུའེ་གྲོང་རྡལ་དུ་སོང་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས།