ཧན་ཀྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དུ་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།
2019.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

2019ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྔ་གཞུག་ཏུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ཀྲིན་གྱིས་ཚེས་བཅུ་གསུམ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དུ་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཟས་རིགས་བདེ་འཇགས་བྱ་བའི་ཐད་ཀྱི་གྲོས་གཞི་ལ་ཉན།

ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཧན་ཀྲིན་གྱིས་བསྟན་དོན། ཟས་རིགས་བདེ་འཇགས་བྱ་བའི་འགན་འཁྲི་ཧ་ཅང་ལྕི་བས། ནམ་ཡང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ཁྲོད་རྒྱུན་མ་ཆད་པར་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྲིད་འཛིན་མཆན་འགོད་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་། སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ། ཐོ་འགོད་སྙན་སེང་དང་ཁས་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཟས་རིགས་བདེ་འཇགས་བྱ་བའི་སྔ་གཞུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་དེའི་ཁྲོད་ཞུགས་པ་དང་ཚན་རིག་ཅན་དང་རྒྱུན་ལྡན་ཅན་གྱི་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་རྐྱེན་སྲོལ་འཛུགས་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གཟབ་ནན་བཞིའི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་བྱ་བའི་ཐད་ཀྱི་ཡིད་ཚིམ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཆེས་གཟབ་ནན་གྱི་ཚད་གཞི་འཛུགས་པ་དང་། མིག་སྔར་གྱི་ཟས་རིགས་བདེ་འཇགས་ཐད་ཀྱི་མི་འདང་སར་ཁ་གསབ་བྱེད་པ། ཁྱབ་ཁོངས་གཙོ་བོ་དང་དགོས་མཁོའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ཟས་རིགས་བདེ་འཇགས་ཚད་གཞིའི་ལག་བསྟར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཆེས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་པ་དང་། ཐོན་སྐྱེད་ཚོང་གཉེར་པའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་རྒྱུ་གནད་འགག་ཏུ་བྱས་ཏེ། ཚོང་རའི་གཙོ་གཞི་དང་ཟས་རིགས་ཐོན་སྐྱེད་ཚོང་གཉེར་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁྲི་རྩད་གཅོད་རྒྱུན་འཁྱོངས་བྱེད་པ་དང་། ལྟ་སྐུལ་དོ་དམ་དབང་ཆ་གཏན་ཁེལ་གསལ་བོ་བྱས་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཟས་རིགས་བདེ་འཇགས་བྱ་བའི་ཁྲོད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཟས་རིགས་བདེ་འཇགས་གནད་དོན་ལ་དམིགས་ནས། འཐབ་རྩོད་བྱེད་ཕོད་པ་དང་ཞིབ་བཤེར་ནན་མོ་བྱེད་པ་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱེད་དགོས་ཟེར།

ཚོགས་འདུ་མ་འཚོགས་པའི་སྔོན་དུ། ཧན་ཀྲིན་གྱིས་ཟས་རིགས་བདེ་འཇགས་བྱ་བའི་གནས་ཚུལ་གྱི་འགྲེམ་སྟོན་ལ་བལྟས་པ་དང་། ཟས་རིགས་བདེ་འཇགས་རིག་སྟོབས་ལྟ་སྐུལ་དོ་དམ་ཐད་ཀྱི་གསར་གཏོད་བྱེད་ཐབས་ལ་ལྟ་ཞིབ་བྱས།

ཝང་ཡུང་བྱ་འགུལ་ལ་ཞུགས་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་ཞིང་ལས་ཞིང་སྡེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སྤྱི་བདེ་པུའུ་སོགས་སྡེ་ཁག་གི་འགན་ཁུར་མི་སྣས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།