མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ནུས་ཁུངས་དག་གཙང་འཕེལ་རྒྱས་ཆེད་མཁས་པའི་འདྲི་རྟོག་བཞུགས་མོལ་ཚོགས་འདུ་བསྡུས།
2019.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ནུས་ཁུངས་དག་གཙང་འཕེལ་རྒྱས་ཆེད་མཁས་པའི་འདྲི་རྟོག་བཞུགས་མོལ་ཚོགས་འདུ་བསྡུས།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཀྲུང་གོ་ནུས་ཁུངས་ཞིབ་འཇུག་གྲོས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དཔོན་གཞོན་པ་ཧྲི་ཡུས་པོ་ཡིས་གཏམ་བཤད།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས།བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཅང་ཡུས་དང་།རྒྱལ་ཁབ་གནམ་གཤིས་འགྱུར་ལྡོག་ཁ་གཏད་འཐབ་ཇུས་ཞིབ་འཇུག་དང་རྒྱལ་སྤྱི་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རིན་ཟུར་པ་ལིས་ཅོན་ཧྥིན།ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་གླིང་གི་སྤྱིའི་བཟོ་སྐྲུན་པ་ཕིན་ཚེ་ཏི།ཀྲུང་གོ་འདྲི་རྟོག་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཟུར་པ།ཀྲུང་གོ་འདྲི་རྟོག་ཀུང་ཟི་ཆེད་མཁས་བྱ་བའི་ཨུ་ཡོན་ལྷན་ཁང་གི་དེང་སྐབས་ཀྱི་ཀྲུའུ་རིན་གཞོན་པ་ཧོང་ཧྥིན་སོགས་ཆེད་མཁས་པ་དྲུག་གིས།མཚོ་སྔོན་གྱི་ནུས་ཁུངས་དག་གཙང་འཕེལ་རྒྱས་དཀྱིལ་སྙིང་དུ་བཟུང་ནས།ཁ་གཏད་རང་བཞིན་དང་འཛུགས་སྐྲུན་རང་བཞིན།མ་འོངས་སྔོན་དཔག་རང་བཞིན་བཅས་ཆེས་ཆེར་ལྡན་པའི་བསམ་འཆར་ཕུན་སུམ་ཚོགས་པ་བཏོན།

ཆེད་མཁས་པ་རྣམས་ཀྱི་བསམ་འཆར་ལ་ཉན་རྗེས།ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་ནུས་ཁུངས་དག་གཙང་ཞིབ་འཇུག་གྲོས་ཚོགས་ཀྱིས་མཚོ་སྔོན་གྱི་ནུས་ཁུངས་དག་གཙང་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་མ་ཟད།ཆེད་མཁས་པ་རྣམས་ཀྱིས་བཏོན་པའི་དངོས་མཐོང་བདེན་རྟོགས་ཀྱི་བསམ་འཆར་ལ་བཀའ་དྲིན་ཞུས།ཁོས་བཤད་རྒྱུར།འདས་པའི་ལོ་ལྔའི་རིང་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་འཐབ་ཇུས་དགོངས་པས།རང་རྒྱལ་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་ཡི་དུས་རབས་གསར་བར་སླེབས་པ་མངོན་པར་མཚོན་ཡོད།མཚོ་སྔོན་གྱི་ནུས་ཁུངས་དག་གཙང་ལ་དགེ་མཚན་ཆེན་པོ་ལྡན་པར་མ་ཟད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་བསྐྱར་དར་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་ཏུ་འགྱུར་བར་བྱ་དགོས་པའི་མཛུབ་སྟོན་གལ་ཆེན་གནང་ཡོད། དེ་བས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་ལ་བསྟར་དགོས་ཤིང་།ནུས་ཁུངས་དག་གཙང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་མཁོ་བའི་མ་བརྒྱུད་ཐུ་མེད་ཀྱི་ལམ་བུ་ཡིན།མཚོ་སྔོན་གྱི་ཁྱད་ཆོས་དང་ཐོན་ལས་རྟེན་གཞི་གཅིག་ཏུ་སྦྲེལ་ཏེ།གསར་བརྗེ་ཡི་འཐབ་རྩོད་སྙིང་སྟོབས་ལ་བརྟེན་ནས།ནུས་ཁུངས་དག་གཙང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་སྤྱིར་ཞབས་འདེགས་ཞུ་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།