ཝང་དབྱང་ཞ་མིན་ནས་ཚོགས་པའི་མཚོ་འགག་གླེང་སྟེགས་སྐབས་བཅུ་གཅིག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2019.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཞ་མིན་ནས་ཚོགས་པའི་མཚོ་འགག་གླེང་སྟེགས་སྐབས་བཅུ་གཅིག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་དབྱང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེ་ཝན་སྤུན་ཟླར་སྤྲིངས་པའི་ཡི་གེ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེར་མཚོ་འགག་འགྲམ་གཉིས་ཀྱི་གདེང་འཇོག་ཆེན་པོ་ཐོབ། སྐབས་འདིའི་གླེང་སྟེགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བཀོད་རྗེས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་གཞི་ཁྱོན་ཆེ་བའི་འདུ་འཛོམས་བྱ་འགུལ་ཐོག་མ་ཡིན་པ་དང་། གནས་བབ་གསར་བའི་འོག་ཏུ་མཚོ་འགག་འགྲམ་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་རྒྱ་བསྐྱེད་པ་དང་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བའི་ཚོགས་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་གླེང་སྟེགས་ལ་ཞུགས་པའི་མི་གྲངས་ཀྱིས་ཆེས་མཐོ་བའི་ལོ་རྒྱུས་བསྐྲུན་པ་དེ་ལས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་བསྲེས་ཀྱི་གནས་བབ་ཆེན་པོ་དེ་སྟོབས་ཤུགས་གང་རུང་གིས་མགོ་གནོན་མི་ཐུབ་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་འབྱུང་རྩའི་རིག་གནས་ཀྱི་སྦྲེལ་མཐུད་དེ་སྟོབས་ཤུགས་གང་རུང་གིས་གཅོད་ཐུབ་མེད་ལ། དུས་དང་གནས་བབ་ཀུན་གྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་དེ་ལ་རྒྱབ་སྐྱོར་བྱེད་པ་མཚོན་ཡོད་ཟེར།

གླེང་སྟེགས་མ་ཚོགས་པའི་སྔོན་ལ། ཝང་དབྱང་གིས་གླེང་སྟེགས་ལ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་གྲོས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས།