མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

མཚོ་སྔོན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་མཉམ་འགུལ་བྱེད་པ་དང་། ཉེན་རྟོག་རིགས་མང་པོས་མཉམ་དུ་འབད་འཐབ་བྱས་ཏེ། རྩ་འཛུགས་ཞིབ་མོ་དང་འཚོལ་བཤེར་ཟབ་མོ། རྡུང་རྡེག་ཆེན་པོ་བཅས་བྱས་ནས། དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། ལྷག་པར་དུ་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་ཐོན་རྗེས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཡང་བསྐྱར་རྡུང་རྡེག་ཆེན་པོ་བཏང་བ་དང་། ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། བྱ་བའི་འགན་ཁུར་རིམ་པ་རེ་རེ་བཞིན་བགོས་ཏེ། གནད་འགག་དང་དཀའ་ཚེགས་ཅན་གྱི་གནད་དོན་རབ་དང་རིམ་པ་ཐག་བཅད། སྔ་གཞུག་ཏུ་ནག་འབྲེལ་རྩ་འཛུགས་ལྔ་དང་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་སྡེ་ཚོགས་བཅུ་བཞི། ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་སྐོར་ཞེ་བཞི་བཅས་གཏོར། ཉེས་དོན་གྱོད་དོན་ལྔ་བརྒྱ་དང་ང་བདུན་རྩད་ཆོད་ནས། ནག་འབྲེལ་ངན་འབྲེལ་མི་སྣ་དྲུག་བརྒྱ་དང་ང་བརྒྱད་འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་བཞི་བཀག་སྡོམ་བྱས། རིགས་དགུའི་གྱོད་དོན་བདུན་བརྒྱ་དང་རེ་བཞི་རྩད་ཆོད་ནས། མི་སྟོང་གཅིག་དང་བཞི་བརྒྱ་ང་དགུ་འཛིན་བཟུང་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་ལ་ཁྲིམས་འགལ་སྒྲིག་འགལ་གྱོད་དོན་གྱི་ཁུངས་སྣེ་སུམ་བརྒྱ་ལྷག་སྤྲད།

ཟླ་དྲུག་པའི་ཚེས་དགུ་ཉིན། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་མཛུབ་སྟོན་ཞིབ་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཅིག་གྱུར་གྱི་རྩ་འཛུགས་བཀོད་སྒྲིག་འོག་ཏུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་དུས་མཉམ་དུ་རྣོ་དབལ་རལ་གྲི་དང་པོ་ཞེས་པའི་གཅིག་གྱུར་འཛིན་བཟུང་འགུལ་སྐྱོད་སྤེལ་བ་དང་། ཞིང་ཆེན་ཡོངས་ནས་བསྡོམས་པས་ཉེན་རྟོག་པ་དྲུག་སྟོང་ཆིག་བརྒྱ་གྱ་ལྔ་དང་རླངས་འཁོར་ཆིག་སྟོང་ཆིག་བརྒྱ་ལྷག་འགུལ་སྐྱོད་དེའི་ཁྲོད་ཞུགས། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་བར་དུ། རྣོ་དབལ་རལ་གྲི་དང་པོ་ཞེས་པའི་གཅིག་བསྡུས་འགུལ་སྐྱོད་ཁྲོད་དུ་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བསྡོམས་པས་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་སྐོར་དགུ་གཏོར་བ་དང་། ཉེས་དོན་གྱོད་དོན་ཞེ་གསུམ་རྩད་ཆོད་ནས། ངན་འབྲེལ་མི་སྣ་ང་ལྔ་འཛིན་བཟུང་བྱས། རིགས་དགུའི་གྱོད་དོན་བརྒྱ་དང་སོ་ལྔ་རྩད་ཆོད་ནས། མི་བརྒྱ་དང་སོ་གཉིས་འཛིན་བཟུང་བྱས། གྱོད་འབྲེལ་རྒྱུ་ནོར་སྒོར་བྱེ་བ་བདུན་དང་ས་ཡ་བཞི་འབུམ་གཅིག་ལྷག་བདའ་ལེན་བྱས།

རྣོ་དབལ་རལ་གྲི་དང་པོ་ཞེས་པའི་གཅིག་བསྡུས་འགུལ་སྐྱོད་སྤེལ་སྐབས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི་བདེ་འཇགས་གནད་དོན་རྟག་ཏུ་གཙིགས་སུ་བཟུང་བ་དང་། བདེ་འཇགས་བཅོས་སྐྱོང་དང་འགྲིམ་འགྲུལ་གྱི་རྙོག་འཛིང་གནས་བབ་ལ་དམ་དུ་དམིགས་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་གནད་འཁེལ་རྡུང་རྡེག་བྱས། འགུལ་སྐྱོད་ཀྱི་སྐབས་སུ། བསྡོམས་པས་ལས་རིགས་སྣ་ཚོགས་སྤེལ་ས་བཞི་སྟོང་བཞི་བརྒྱ་གོ་གཉིས་ལ་གཙང་བཤེར་བྱས་ཏེ། འཆལ་སྤྱོད་རྒྱན་འཇོག་དང་འབྲེལ་བའི་གྱོད་དོན་ཞེ་གཉིས་བསྒྲུབས་པ་དང་། མི་བརྒྱ་དང་ང་གཉིས་ལ་ཆད་པ་བཅད། འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་ནག་ཉེས་གྱོད་དོན་དགུ་བརྒྱ་དང་ང་བཞི་རྩད་ཆོད། ཁོར་སྲུང་ཁྱབ་ཁོངས་ཀྱི་གྱོད་དོན་གཅིག་རྩད་ཆོད་པ་དང་། དུག་རྫས་དང་འབྲེལ་བའི་གྱོད་དོན་དྲུག་རྩད་ཆོད་ནས། དུག་རྫས་སྤྱི་རྒྱ་གསུམ་ལྷག་གཞུང་བཞེས་བྱས་ལ། ཚོད་འཛིན་ལས་བྲལ་ཞིང་སྨན་བཅོས་བྱེད་བཞིན་མེད་པའི་དུག་འཐེན་མཁན་གྱ་གཅིག་རྙེད་ནས་ལྟ་སྡོམ་བྱས། ཁྲིམས་འགལ་གྱི་མེ་མདའ་རེ་གསུམ་དང་མདེའུ་ཆིག་སྟོང་བརྒྱད་བརྒྱ་རེ་ལྔ། འགད་རྫས་སྤྱི་རྒྱ་ཉིས་བརྒྱ་དང་ང་གསུམ། བཙན་སྡོམ་གྲི་ཆས་ཉིས་བརྒྱ་དང་རེ་བརྒྱད་བཅས་གཞུང་བཞེས་བྱས།