མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2019.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཟི་ལིང་ནས་རྩ་འཛུགས་བྱས་ཏེ་མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་གྱིས་མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཆེད་དོན་འགུལ་སྐྱོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་ཆེད་དུ་ལྟ་སྐུལ་མཛུབ་སྟོན་བྱས། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞིན་ཞུང་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་སྤྱིའི་འབྲེལ་གཏུག་པ་ཧྭ་ཧྥིན་གཉིས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཝུའུ་ཞིན་ཞུང་གིས་མཚོ་སྔོན་གྱིས་མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཆེད་དོན་འགུལ་སྐྱོད་སྤེལ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་མདའ་དང་འགད་རྫས་ཀྱི་དོ་དམ་ལ་ཧ་ཅང་མཐོང་ཆེན་གནང་ནས། ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གནང་མྱོང་། མཚོ་སྔོན་གྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། འདུ་ཤེས་བཞི་བརྟན་པོར་འཛུགས་པ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་དངོས་ཡོད་དོན་སྙིང་གལ་ཆེན་དང་ལོ་རྒྱུས་དོན་སྙིང་ཟབ་མོར་ངོས་འཛིན་ཟབ་མོ་བྱེད་པ། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་དངོས་སུ་གཅིག་གྱུར་བྱས་ཏེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། མེ་མདའ་གཞུང་བཞེས་དང་འགད་རྫས་དོ་དམ། དྲ་བ་གཙང་སྒྱུར་བཅས་ཀྱི་སྤྱིའི་བླང་བྱ་དངོས་འབེབས་ཀྱིས་མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་ཆེད་དོན་འགུལ་སྐྱོད་བསྟུད་མར་ཟབ་མོར་སྤེལ་བ་དང་། རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། གཙང་བཤེར་གཞུང་བཞེས་ཟབ་སྤེལ་བྱེད་པ། ལས་རིགས་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། མཉམ་འཛིན་མཉམ་སྡོམ་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཆེད་དོན་འགུལ་སྐྱོད་ལ་ཕན་འབྲས་ངོ་མ་དང་ཡུན་རིང་གི་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

ཝུའུ་ཞིན་ཞུང་གིས་ནན་གྱིས་བསྟན་དོན། མེ་མདའ་དང་འགད་རྫས་ཀྱི་གནད་དོན་ནི་ལོ་རྒྱུས་སྟེང་སྤྱི་པའི་བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེན་པོ་ཡིན་ལ། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ནག་ཉེས་ཡང་ནག་འབྲེལ་ངན་འབྲེལ་གྱི་ནག་ཉེས་དང་དམ་དུ་འབྲེལ་བའི་འབྱུང་རྩ་རང་བཞིན་གྱི་ནག་ཉེས་ཡིན། དེང་སྐབས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་དཀའ་ཁག་སེལ་ས་དང་རྙོག་འཛིང་ཆེ་སར་སླེབས་ཡོད། མཚོ་སྔོན་གྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་ནག་ཡོད་ནག་འཇོམས་དང་། ནག་མེད་ངན་སེལ། ངན་མེད་ཟིང་བཅོས་བཅས་ཀྱི་བླང་བྱ་ལྟར་དུ། ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། རྒྱབ་རྩ་གཏོར་བ། ཟ་ལམ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་དང་རྩ་འཛུགས་འཛུགས་སྐྲུན་བཅས་བསྟུད་མར་ཟབ་སྤེལ་བྱེད་པ་དང་མཉམ་དུ། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་འཆུན་འདོམས་བྱེད་པ་དེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བསྐྱེད་པ་དང་། འཐབ་རྩོད་ཀྱི་ཐབས་ཇུས་འཐུས་ཚང་དུ་གཏོང་བ། མེ་མདའ་གཞུང་བཞེས་དང་འགད་རྫས་དོ་དམ་དེ་ནག་འཇོམས་ངན་སེལ་དང་མཉམ་སྦྲེལ་མཉམ་སྤེལ་བྱེད་པ་དང་། ནག་ངན་སྟོབས་ཤུགས་ཀྱི་མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྩ་བ་ནས་བཀག་འགོག་བྱས་ཏེ། སྔར་ལས་ཤུགས་ཆེན་པོས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། སྐྱིད་སྣང་བཅས་ཧུར་ཐག་གིས་མཐོ་རུ་འདེགས་པ་དང་། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་ཀྱི་ཆེད་དོན་འགུལ་སྐྱོད་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དོན་དངོས་ཕན་འབྲས་བླངས་ནས། ཏང་ཀྲུང་དབྱང་གི་མངག་བཅོལ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་ཟེར།

དབྱིན་པའི་ཡིས་རིམ་པ་སོ་སོའི་སྡེ་ཁག་སོ་སོས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་བླང་བྱ་ལྟར། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྡུང་རྡེག་འཆུན་འདོམས་བྱ་བའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་གྱོད་དོན་གྱི་ཁུངས་སྣེ་ཕྱོགས་ཡོངས་ནས་རྩད་གཅོད་པ། རྡུང་རྡེག་འཆུན་འདོམས་རྐྱེན་སྲོལ་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་བ། མེ་མདའ་དང་འགད་རྫས་ཀྱི་རིགས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། མེ་མདའ་དང་འགད་རྫས་ལ་འབྲེལ་བའི་ནག་ཉེས་ལ་རྡུང་རྡེག་འཆུན་འདོམས་ནན་མོ་བྱེད་པ། མེ་མདའ་དང་འགད་རྫས་དང་འབྲེལ་བའི་བདེ་འཇགས་ཀྱི་ཉེན་ཁ་རྩ་བ་ནས་སེལ་བ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་དགོས་པའི་རེ་བ་བཏོན།