སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་གཏམ་བཤད་ཚོགས་འདུ་བསྡུས།
2019.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་གཏམ་བཤད་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅུ་བདུན་གྱིས་གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་དམིགས་ཏེ་གྲོས་མོལ་དང་ཇུས་གཞི་བཏོན། ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱུན་ལས་ཨུ་ཡོན་ཁྲིན་ཧོང་གིས་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་རང་རྒྱལ་གྱི་གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གསར་བཟོ་ལས་རིགས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན། རྒྱུན་ལས་ཨུ་ཡོན་ལིས་ཝེ་ཡིས་བལྟས་ན། གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་བཅོས་སྒྱུར་ཤུགས་ཚད་ལ་ཤུགས་བསྣན་ཏེ་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་པར་སྙམ། རྒྱུན་ལས་ཨུ་ཡོན་མུའུ་ཀྲན་དབྱིན་གྱིས་བལྟས་ན། གསར་བཟོ་ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་གནས་དོན་ཐག་གཅོད་ན་ངེས་པར་དུ་གསར་སྐྲུན་འདེད་སྐུལ་རྒྱུན་འཁྱོངས་བྱེད་པ་དང་སྒོ་འབྱེད་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་པར་སྙམ། གཞན་དབྱང་ཝེ་སོགས་རྒྱུན་ལས་ཨུ་ཡོན་བཅུ་བཞི་ཡིས་གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རང་རང་གི་བསམ་ཚུལ་བཏོན།