མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་གཉིས་པ་དང་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་དྲུག་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།
2019.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་བརྗེ་རེས་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་གཉིས་པ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་དྲུག་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་ཤིས་ཚིག་ཕུལ་བར་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་མཉམ་དུ། ཚོང་གཏམ་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཡོལ་བ་ཕྱེས། ཀྲུང་གོ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཞའོ་ཡཱ་ཆིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྤྱིའི་དཔལ་འབྱོར་པ་ཝང་ཞུན་ཀྲི་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ཀའོ་ཡུན་ལུང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དངོས་སུ་ཚོགས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཅིས་ཀྱང་། བཅོས་སྒྱུར་དར་ཆ་མཐོ་རུ་བསྒྲེང་དགོས་ཤིང་ལྗང་མདོག་གི་མིང་གྲགས་ཐོན་རྫས་བཟང་བོ་གཉེར་བ། གསར་གཏོད་ཀྱི་ལམ་བུར་བློ་ཐག་ཆོད་པས་འཇུག་རྒྱུ་ནི་གལ་ཆེན་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལྷག་འགོར་བའི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། དེ་ལས་བྱུང་བའི་གནད་འགག་གི་ཉམས་མྱོང་ནི་ཏང་གི་འགོ་ཁྲིད་འོག་ནས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་རྒྱུ་དང་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ལག་ལེན་ལ་འཇུག་ཕོད་པ་རྒྱུན་འཁྱོངས་བྱེད་རྒྱུ་བཅས་ཡིན། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་དང་སྤུད་ཚད་མཐོ་ལ་ཕན་འབྲས་ལེགས་པའི་དམངས་གཉེར་ཁེ་ལས་པའི་ཐུན་མོང་ཚོགས་པ་ཞིག་བསྐྲུན་པའི་གནད་འགག་ནི། སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་སྣེ་འདོམས་ལ་ཤུགས་སྣོན་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་ནས། བར་མ་ཆད་པའི་སྒོ་ནས་ཞབས་ཞུ་དང་འདོན་སྤྲོད་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏད་དེ། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལ་བརྟེན་ནས། ཧུར་བརྩོན་ཆེན་པོས་རྣམ་པ་གསར་བའི་སྲིད་ཚོང་གི་འབྲེལ་བ་གྲུབ་པར་འཚོལ་དཔྱོད་བྱས་མཐར། བར་མ་ཆད་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཁོར་ཡུག་བསྐྲུན་པར་མཚོ་སྔོན་གྱི་ཉམས་མྱོང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།

ཞའོ་ཡཱ་ཆིན་གྱིས་ཤིས་ཚིག་ཁྲོད་དུ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཚབ་བྱས་ཏེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དངོས་སུ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་བཅས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པར་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་ལྔ་བཞི་འཐབ་ཇུས་དངོས་འབེབས་དོན་འཁྱོལ། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བཅས་བྱས་མཐར། གཞི་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འདི་ལྟ་བུ་བྱུང་བར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཀྱང་ཧ་ཅང་འབུར་ཐོན་ཡིན་ཟེར།

ལིག་ཉིང་གིས་ཤིས་ཚིག་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། རྒྱང་རིང་ནས་ཕེབས་པའི་རྒྱལ་ནང་དང་རྒྱལ་ཕྱིའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཚད་མེད་ཞུས་པར་མ་ཟད། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་གྱི་ལས་རིགས་སོ་སོའི་གྲོགས་པོ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་། དེ་མིན་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན་པར་བརྟེན། མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ལྔ་བཞི་འཐབ་ཇུས་ལག་ལེན་ཟབ་མོ་བྱེད་རྒྱུ་དང་། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། འབད་བརྩོན་ཆེན་པོས་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་གཙོ་བོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་དཔྱོད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་རང་བདག་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་དང་ནུས་ཁུངས་དག་གཙང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་བསྐྲུན་པ་བཅས་ལ་འབད་མཐར། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བར་འཕེལ་རྒྱས་གསར་བ་བྱུང་ཡོད། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན། ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས་ཀྱང་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་དམ་པོར་བཟུང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་མཐའ་འཁྱོལ་བར་སྤེལ་བ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱས་ནས། ཁྱོན་བསྡོམས་ལས་གཞི་ཆེ་གྲས་བདུན་གྱི་ལས་རིམ་ང་བརྒྱད་གྱི་བྱ་འགུལ་སྤེལ་བ་དང་། དུས་ནམ་ཡང་རྫོགས་རྒྱུ་མེད་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་དྲ་ཚིགས་ཤར་གཏོང་བྱས་པ་ལ་བརྟེན་ནས། ཚོང་གཏམ་མཉམ་ལས་ཀྱི་ཚོང་དོན་སྟེགས་བུ་བསྐྲུན་པར་མ་ཟད། གླེང་མོལ་བརྗེ་རེས་ཀྱི་མཐོ་རིམ་གླེང་སྟེགས་ཡངས་པོར་ཕྱེས། རྒྱལ་ཁབ་བཅུ་དྲུག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་དགུ ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱི་ཁེ་ལས་པ་སྟོང་གསུམ་དང་དགུ་བརྒྱ་ལྷག་ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་ལ་ཞུགས། ང་ཚོས་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་འདི་ཉིད་སྐས་རྐང་གསར་བ་ཞིག་ལ་བརྩིས་ཏེ། འཕེལ་རྒྱས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། མགྱོགས་མྱུར་ངང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་སིམ་འདྲེས་ཡོང་བར་འབད་དེ། སྒོ་འབྱེད་མཉམ་ལས་ཀྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་རྒྱུ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་གསར་བར་བརྟེན་ནས། རྒྱལ་ནང་རྒྱལ་ཕྱིའི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་གྲོགས་པོ་རྣམས་དང་ལྷན་དུ་མཉམ་ལས་གཉིས་རྒྱལ་གྱི་མ་འོངས་པ་གསར་བ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། མགོན་པོ་བཀྲ་ཤིས། ཀྲང་ཞི་མེན། ཡུས་ཚུང་ལི། ཀྲང་ཀོང་རུང་། ཉི་མ་སྒྲོལ་མ། ཁོང་ཡུང་། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ལིག་ཐའོ། ཀྲང་ཝུན་ཁོས་སོགས་ཚོང་གཏམ་གྲོས་ཚོགས་ཀྱི་འགོ་རྩམ་མཛད་སྒོར་ཞུགས། ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལོ་ཙཱ་བ། བན་དེ་སྐྱབས།