ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་ཞིང་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འགྲོ་བར་སྐུལ་སློང་ཁྲིད་སྟོན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
2019.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་ཞིང་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འགྲོ་བར་སྐུལ་སློང་ཁྲིད་སྟོན་བྱེད་པའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། དཀའ་ཚེགས་ཆེ་ཞིང་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་གཞི་རིམ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་སྐབས་ཤེས་ལྡན་མི་སྣ་ནི་གནད་འགག་གཙོ་བོ་ཡིན། དེང་སྐབས་དཀའ་ཚེགས་ཆེ་ཞིང་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཧ་ཅང་འབུར་ཐོན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ལྟར། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱེད་པ་དང་སྐུལ་ལྕག་འགན་སྲུང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་མང་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་ཞིང་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་བློ་གྲོས་འདོན་པ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ཟེར།