ལིས་ཁི་ཆང་གིས་ལེའོ་ཉིང་གི་བྱ་བར་རྟོག་ཞིབ་མཛད།
2019.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆུག་ཧྥ་དང་། ཧྲིན་ཀྲང་ཐང་དབྱི་ཅུན་གཉིས་ཀྱི་འགྲོ་རོགས་འོག ཏ་ལེན་ནས་བྱ་བར་རྟོག་ཞིབ་མཛད།

ལིས་ཁི་ཆང་གིས་ལེའོ་ཉིང་གི་མཚོ་འགྲམ་སྒོ་འབྱེད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། ཁོང་གིས་ཁེ་ལས་ཀྱིས་ལེགས་སྒྲིག་ལ་བརྟེན་ནས་མ་དངུལ་དྲངས་པ་དང་། ཚོང་གཉེར་རྐྱེན་སྲོལ་བསྒྱུར་བ། དུས་ཚོད་ཅུང་ཐུང་ངུའི་ནང་ཁེ་གྱོང་རེག་བཞིན་པ་ནས་ཁེ་སྤོགས་ལེན་བཞིན་པར་བསྒྱུར་བར་གཟེངས་བསྟོད་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་ནི་ཤར་བྱང་དར་རྒྱས་སུ་གཏོང་བའི་གནད་འགག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་ལེགས་པར་འདོན་པ་དང་། སྲིད་གཞུང་གི་ནུས་པ་བཟང་བོར་བཏོན་ནས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་སྔར་ལས་ཆེན་པོ་བརྒྱུད་དེ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་དང་འཕེལ་རྒྱས་ཀྱི་འགྲན་ཤུགས་ཇེ་ཆེར་གཏོང་དགོས། ལེའོ་ཉིང་དུ་མཚོ་རྒྱུད་རིང་བ་དང་། གྲུ་ཁའི་ཆ་རྐྱེན་ལེགས་ལ་གཏེར་མཛོད་ལྟ་བུ་ཡིན་པས། མཚོ་ཁར་ཕྱོགས་ནས་ཡོངས་སུ་སྒོ་འབྱེད་པ་དང་། ཕྱི་ནང་མཉམ་ལས་ཟབ་སྤེལ་བྱེད་པ། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་དུ་ལངས་ནས། ཤར་བྱང་ས་ཁུལ་གྱི་དར་རྒྱས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་དགོས་ཟེར།

ས་དེའི་འགན་ཁུར་བས་ཏ་ལེན་གྲུ་ཁའི་འཕེལ་རྒྱས་བསམ་ཕྱོགས་ཡར་ཞུ་བྱས་པ་དང་། ལིས་ཁི་ཆང་གིས་ཁོ་ཚོར་ས་གནས་གཞན་པའི་ཉམས་མྱོང་ལ་དཔེ་ལྟ་བ་དང་། ཕྱོགས་སོ་སོའི་ཁེ་ཕན་ལ་གཞིགས་ཤིང་། རིགས་སོ་སོའི་ཐོན་ཁུངས་ནུས་ལྡན་གྱིས་བེད་སྤྱད་དེ། ཐོན་ལས་སྔར་ལས་ལེགས་འཛོམས་དང་ཁུལ་ཁོངས་ནུས་པ་སྔར་ལས་ལུགས་མཐུན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། ཁོང་གིས་འབྲེལ་ཡོད་སྡེ་ཁག་གིས་ས་གནས་དང་ཁེ་ལས་ཀྱི་གོང་འཕེལ་ཐད་མཐུན་རྐྱེན་སྔར་ལས་མང་པོ་བསྐྲུན་དགོས་པའི་ཐུགས་རེ་བཏོན།

ཧིན་ལིས་རྡོ་སྣུམ་རྫས་འགྱུར་ནི་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་བཏང་བའི་རྫས་འགྱུར་བཟོ་ལས་ལས་གཞི་ཆེན་པོ་ཞིག་ཡིན། དེ་ནས་ལིས་ཁི་ཆང་གིས་ཁེ་ལས་ཀྱིས་རྒྱལ་ནང་གི་དགོས་མཁོ་སྔར་ལས་བཟང་བོར་སྐོང་དགོས་པ་དང་ཐོན་ཁུངས་ཚད་ཆེས་མཐོ་བའི་སྒོ་ནས་བཀོལ་དགོས་པའི་སྐུལ་མ་གནང་། ཁོང་གིས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཆེ་མ་ཆུང་གསུམ་མཉམ་འདྲེས་ཀྱིས་གོང་འཕེལ་དུ་གཏོང་དགོས་ལ། རྒྱལ་དབང་དང་དམངས་གཉེར་ཁེ་ལས་ལྟ་སྟངས་གཅིག་འདྲ་འཛིན་དགོས་ཞེས་གསུངས།

ཏ་ལེན་རང་བྱུང་བཟོ་སྐྲུན་སློབ་ཆེན་ནས། ལིས་ཁི་ཆང་གིས་སློབ་ཆེན་སློབ་གསོས་ལས་རིགས་གསོ་སྦྱོང་དང་ལས་རིགས་སློབ་གསོ་ཟུང་སྦྲེལ་བྱེད་དགོས་ཏེ། སྔོན་ཐོན་གཞུང་ལུགས་ཀྱི་མཁྱེན་རྒྱ་ཡངས་པའི་ཚན་རིག་པ་སྐྱེད་སྲིང་བྱེད་དགོས་ལ། བཟོ་སྐྲུན་པ་དང་རྒྱལ་ཁབ་ཆེན་མོའི་ལག་ཤེས་པ་ཡང་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཞེས་གསུངས།

ལིས་ཁི་ཆང་གིས་ལེའོ་ཉིང་གིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་སླར་གསོ་དང་དམངས་ཚིས་ལེགས་བཅོས་བྱས་པར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ལེའོ་ཉིང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། བཅོས་སྒྱུར་སྒོ་འབྱེད་གསར་གཏོད་དང་། གོ་སྐབས་དམ་འཛིན། ཡར་བརྩོན་ལྷོད་མེད། འཇོན་མི་གཅིག་བསྡུ་བཅས་བྱས་ཏེ། ཤར་བྱང་དར་རྒྱས་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་ཐུགས་རེ་བཏོན།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།