ཝང་ཆི་ཧྲན་གྱིས་མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་ཨེ་པུའུ་ལཱ་ཏི་ལ་མཇལ་འཕྲད་གནང་།
2019.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བདུན་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་ཨེ་པུའུ་ལཱ་ཏི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། དུས་རབས་གསར་བར་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་ནམ་ཡང་ཉམས་པ་མེད་པར་བྱས་ནས། མི་དམངས་བདེ་སྐྱིད་དང་བདེ་འཇགས་ཡོང་བ་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་འགྲོ་བ། མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་འཐབ་བྱེད་ངེས་ཡིན། མིག་སྔར་ཀྲུང་གོ་དང་མོ་ཞི་ཁོ་ནི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཨེ་པུའུ་ལཱ་ཏི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། མོ་ཞི་ཁོ་དང་ཀྲུང་གོའི་སྲིད་འཛིན་ཏང་གི་འདུ་ཤེས་འདྲ་མཚུངས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་གཉིས་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།