མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་བདུན་གཅིག་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།
2019.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བདུན་པའི་ཚེས་གཅིག་ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བརྒྱད་ལོན་པའི་ཉིན་མོ་ཡིན་པ་དང་། ཉིན་དེར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་དུ་སོང་ནས། གསར་བརྗེའི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། ཏང་ནང་དུ་ཞུགས་པའི་དམ་བཅའ་ཡང་བསྐྱར་སྒྲོག་འདོན་བྱས་ནས། བདུན་གཅིག་བརྗོད་དོན་ཏང་ཉིན་མོའི་བྱ་འགུལ་སྤེལ།

ཝང་ཅན་ཅུན་སོགས་འགོ་ཁྲིད་རྗེས་དྲན་ཁང་དུ་སོང་ནས་འགྲེལ་བཤད་ལ་ཉན་པ་དང་། པར་རིས་དང་རིག་དངོས་ལ་བལྟས་ནས། གསར་བརྗེ་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ་དང་། དམར་དམག་ནུབ་ལམ་དམག་གི་རང་སྲོག་བློས་གཏོང་ཐུབ་པའི་་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ལ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཏང་གཤིས་སྦྱོང་བརྡར་དང་ལེན་བྱས།

ནུབ་ལམ་དམག་རྗེས་དྲན་ཁང་ཐང་ཆེན་གྱི་གསར་བརྗེ་སྔོན་གཤེགས་པའི་འཇིམ་བརྙན་གྱི་མདུན་དུ། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆར་ཁ་གཏད་དེ་ཝང་ཅན་ཅུན་གྱིས་འགོ་ཁྲིད་དེ་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་ཁོངས་མི་དང་མཉམ་དུ་ཡང་བསྐྱར་ཏང་ནང་དུ་ཞུགས་པའི་དམ་བཅའ་སྒྲོག་འདོན་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བའི་ཆོད་སེམས་མཚོན་པར་བྱས།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་སོགས་བྱ་འགུལ་ལ་ཞུགས།