ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུ་བསྡུས།
2019.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་ནས་འགོ་འཛིན་མཛད་དེ་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁྲིམས་འཛུགས་བསམ་འཆར་དང་བསམ་ཚུལ་ལ་ཉན། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་མཚོན་ཞིང་དུས་རབས་གསར་བའི་རེ་བ་དང་མཐུན་པའི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཞིག་གཏན་འཁེལ་བྱེད་པ་དང་། བཅའ་ཁྲིམས་ལ་བརྟེན་ཏེ་སྐྱེ་དངོས་ལག་རྩལ་འཕེལ་རྒྱས་ཀྱི་བར་མཚམས་གསལ་འབྱེད་བྱས་ནས་སྐྱེ་དངོས་ལག་རྩལ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་འགན་སྲུང་དང་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་སྒོས་འཆར་འགོད་བྱེད་པ་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་སྡོད་ཉེན་སེལ་བྱེད་པ་ནི་ང་ཚོ་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་སྟེ་སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་བྱ་བར་ཁ་ཕྱོགས་གསལ་བོར་བསྟན་པ་དང་བསྲུང་བྱ་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལྟ་བའི་ཁྱོན་ཡོངས་ནས་སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་ཀྱི་དགོས་གལ་རང་བཞིན་དང་དགོས་ངེས་རང་བཞིན་གསལ་བོར་ཤེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ལ་བརྟེན་ཏེ་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་གྱི་ལམ་ལུགས་རྩ་དོན་གཏན་འཁེལ་བྱེད་དགོས་ལ། ཉེན་ཁའི་འགོག་སེལ་འབུར་དུ་ཐོན་པར་བྱེད་པ་དང་བཅའ་ཁྲིམས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཟེར།