ཧུའུ་ནན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།
2019.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་ཝེ་ཝེ་ཡིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་ཧུའུ་ནན་གྱི་མཚེའུ་གཅིག་དང་གཙང་བོ་བཞིའི་སྐྱེ་ཁམས་ཁོར་ཡུག་ཐད་ཐེབས་པའི་ཤན་ཤུགས་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ།

རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་མ་ཟད་བཞུགས་མོལ་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས། ལིས་ཝེ་ཝེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཧུའུ་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཝེ་ཀང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཏཱ་ཧྥང་། རྒྱལ་སྲིད་སྲིད་གྲོས་ཀྱི་ཨུ་ཡོན། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལའེ་མེན་ཡུང་དང་། ཧུའུ་ཞུས་ཧྲིན། ཀྲང་ཅན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཀྲི་པིའོ་དང་། སུང་ཅུན་ཆང་། ཐན་ཆེན་ཆོན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཧུའུ་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་པོ་ཞང་ཡུལ་ཤུལ་ཁུལ་གྱི་རྟོག་ཞིབ་ལ་ཞུགས།

ལིས་ཝེ་ཝེ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་བཅད་དེ། ཧུར་ཐག་གིས་སྐྱེ་ཁམས་བདེ་འཇགས་ལྕགས་རི་བཙུགས་པ་དང་། མཛེས་སྡུག་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་མཚོ་སྔོན་གྱི་ལེའུ་བྲིས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་བྱེད་ཐབས་དང་རྐྱེན་སྲོལ་སྒྲིག་གཞི་ཡིས། ཧུའུ་ནན་གྱི་མཚེའུ་གཅིག་དང་གཙང་བོ་བཞིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤན་ཤུགས་ཆེན་པོ་ཐེབས་པ་དང་། ཐེངས་འདིའི་རྟོག་ཞིབ་དང་ཞིབ་བཤེར་ཐད་ནས་སྔོན་དཔག་གི་གྲུབ་འབྲས་བཟང་བོ་བླངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ནས་གཏམ་བཤད་སྐབས་བསྟན་དོན། ཧུའུ་ནན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ་དེས། ང་ཚོར་བརྗེ་རེས་དང་དཔེ་ལྟའི་གོ་སྐབས་བཟང་བོ་ཞིག་འདོན་སྤྲོད་བྱས་པ་དང་། རྟོག་ཞིབ་ཚན་ཆུང་གིས་ཧུའུ་ནན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ཉམས་མྱོང་རྩ་ཆེན་ཁྱེར་ཡོང་བ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་ཐུབ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་སོགས་ས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ཞོར་དུ། དཀའ་ཁག་དང་གནད་དོན་འགའ་ཡང་ཐུག་ཡོད་པས། ལ་ལར་ང་ཚོས་མུ་མཐུད་དུ་འབད་འཐབ་བྱེད་དགོས་པ་དང་། ལ་ལར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་རོགས་རམ་མཁོ་ལ། ལྷག་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་མྱུར་དུ་གྲོས་རིམ་ཁྲོད་འཇོག་དགོས་ལ། ཧུའུ་ནན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་སྲིད་གྲོས་བརྒྱུད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་ལ་ཡར་ཞུ་བྱེད་དགོས་ཟེར།

རྟོག་ཞིབ་སྐབས་སུ། ལིས་ཝེ་ཝེ་སོགས་སྔ་གཞུག་ཏུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་དང་། མཚོ་སྔོན་པོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས་ལྟ་ཞིབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྐྱེན་སྲོལ་དང་ཉམས་མྱོང་བྱེད་ཐབས་ལ་རྒྱུས་ལོན་བྱས་པ་མ་ཟད། བརྗེ་རེས་ཞིབ་སྡུར་བྱས།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཏུའུ་ཏི་ཀྲི རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།