ཞི་ཅིན་ཕིང་གིས་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2019.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 176

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་རོན་ཧྲི་ཅིན་དབྱིན་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་ལ་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་གཉིས་ནི་བློ་མཐུན་དང་སྤུན་ཟླ་ཡིན་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཡང་ཡིན། སང་ལོ་ནི་ཀྲུང་གོ་དང་ཡའོ་ནན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་ཁྱོན་ཡོངས་ལ་ལྟ་བ་དང་། མཛའ་མཐུན་དར་སྤེལ། མཉམ་ལས་ཟབ་སྤེལ་བྱས་ཏེ། མགོ་རྩོམ་ས་གསར་བའི་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་རུ་གོང་འཕེལ་དུ་གཏོང་དགོས། ཏང་བར་གྱི་འགྲོ་འོང་གི་སྲོལ་རྒྱུན་ཁྱད་སྟོབས་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཏང་གཉིས་ལ་ནམ་ཡང་སྐྱེ་སྟོབས་ཀྱིས་ཁེངས་པར་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་བསྐྲུན་དགོས། དམངས་ཁྲོད་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྒྱུན་འཛིན་བྱེད་དགོས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རོགས་རེས་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་ཟབ་མོ་ལྡན། ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། དམངས་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་བྱ་བ་མང་བོ་བསྒྲུབ་ནས། ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རོན་ཧྲི་ཅིན་དབྱིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ཁོ་མོས་བཤད་རྒྱུར། ཡའོ་ནན་གྱི་གུང་ཁྲན་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་ཀྲུང་གོའི་བློ་མཐུན་གྱིས་སྔོན་ཆད་དང་ད་ལྟ་ཡའོ་ནན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་དང་བྱེད་བཞིན་པ་སེམས་ལ་བརྟན་པོར་བཅངས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་བློ་མཐུན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བས་གཏན་ལ་ཕབ་པའི་འཕེལ་རྒྱས་ཀྱི་དམིགས་འབེན་གལ་ཆེན་ཡོངས་འགྲུབ་བྱེད་ངེས་པར་ང་ཚོར་ཡིད་ཆེས་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་དང་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཡའོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཝང་ཁྲིན་མཇལ་འཕྲད་ལ་ཞུགས།