ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད།
2019.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་གྱི་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་ནན་མོ་བྱེད་པ། མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་བཟུང་ནས། གངས་ལྗོངས་མཐོ་སྒང་གི་ཞོད་འཇགས་བརྟན་བརླིང་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ལ་ཁག་ཐེག་བྱེད་དགོས་ཟེར།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཝང་དབྱང་སྔ་གཞུག་ཏུ་ཡུས་ཧྲུའུ་དང་ཟི་ལིང་སོགས་ཀྱི་དབུལ་སྐྱོར་ཐོན་ལས་ར་བའི་ཁུལ་དང་ཆོས་ལུགས་བྱ་འགུལ་སྤེལ་སར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན། ཝང་དབྱང་གིས་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་གྱི་མི་རིགས་ཆོས་ལུགས་དང་དབུལ་ཐར་མཁྲེགས་གཏོར་སོགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་ན། བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཡུན་སྐྱོང་བདེ་འགོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། གནད་འགག་དམ་འཛིན་བྱེད་པ། དགོན་སྡེ་དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱི་ཕྱོགས་སྟོབས་ཤུགས་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་པའི་འགོག་ར་བརྟན་སྲུང་བྱེད་དགོས། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་རང་ཉིད་དོ་དམ་བྱེད་པའི་ཕྱོགས་གཉིས་ཐད་ཤུགས་འདོན་པ་དང་། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ། ཆོས་ལུགས་སྡེ་ཚོགས་དང་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་དགོས། མི་རིགས་སོ་སོ་ཁུལ་ཁོངས་བརྒལ་ནས་འགྲོ་འོང་བྱེད་པའི་གནས་བབ་གསར་བ་དང་མཐུན་པར་བྱེད་པ་དང་། མི་རིགས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོས་མཉམ་སྡོད་མཉམ་སློབ་དང་མཉམ་ལས་མཉམ་སྐྱིད་བྱེད་པའི་ཆ་རྐྱེན་བསྐྲུན་པ། ཁྱབ་ཁོངས་སྔར་ལས་ཆེན་པོ་དང་རིམ་པ་སྔར་ལས་ཟབ་པའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་མངོན་འགྱུར་བྱས་ཏེ། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་ཉམས་མྱོང་གསར་བ་འཚོལ་ཞིབ་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ནི་དཔལ་འབྱོར་གྱི་བྱ་བ་ཡིན་ལ། ཆབ་སྲིད་ཀྱི་བྱ་བ་ཡང་ཡིན། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། སློབ་བྱོལ་ཚོད་འཛིན་སློབ་ཞུགས་ལ་འགན་སྲུང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བཏུང་ཆུའི་བདེ་འཇགས་དང་སྡོད་ཁང་བདེ་འཇགས། ས་གནས་ནད་རིགས་འགོག་བཅོས་སོགས་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། འགོར་འགྱངས་མི་བྱེད་པ་དང་ཟུར་ཀྱོག་བསྐྱར་མི་རུང་། ནོར་གནག་དང་ནས། མཐོ་སྒང་གི་གནས་སྐོར། མི་རིགས་ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་སྐྱེད་པ། འཛད་སྤྱོད་དབུལ་སྐྱོར་དང་ཚོང་རའི་བར་སྟོང་རྒྱ་སྐྱེད་པ། ཁྲག་བཟོ་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དབུལ་ཐར་གྱི་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་པ། སྐྱེ་ཁམས་བདེ་འཇགས་ཀྱི་མཚལ་ཐིག་ཁོང་དུ་ཆུད་པར་བྱས་ནས། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་དང་མཐུན་སྦྱོར་ཡིན་པའི་དཔལ་ཡོན་འཕེལ་རྒྱས་ལམ་བུ་བསྐྱོད་དགོས་ཟེར།

མཚོ་སྔོན་དུ་རྟོག་ཞིབ་བྱེད་པའི་སྐབས་སུ། ཝང་དབྱང་གིས་ད་དུང་ཡུས་ཧྲུའུ་ཁུལ་གྱི་ས་འགུལ་གནོད་སྐྱོབ་རྗེས་དྲན་ཁང་ལ་གཟིགས་སྐོར་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་འཚམས་འདྲི་མཛད།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཅན་ཅུན་དང་ལིག་ཉིང་། རྡོ་རྗེ་རབ་བརྟན་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།