ལིས་ཁི་ཆང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ལ་མཇལ་འཕྲད་གནང་། 
2019.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོ་ལོམ་པུས་ཡའི་ཙུང་ཐུང་ཏུའུ་ཁི་ལ་མཇལ་འཕྲད་གནང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། ཁོ་ལོམ་པི་ཡ་ནི་ཀྲུང་གོའི་ལ་ཏེན་མེ་གླིང་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་དགུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་པ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་ཁེ་རྒྱ་ཆེན་པོ་བསྐྲུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་གྲོས་མོལ་མཛད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཕྱོགས་ལ་མཉམ་དུ་འཆར་འགོད་གནང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་སྲུང་སྐྱོང་ལ་ཤུགས་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་རུང་ཁྲོམ་རའི་རྩ་དོན་རྒྱུན་འཁྱོངས་དང་ཚོང་རའི་སྒྲིག་གཞི་ལྟར་དུ་དྲང་བདེན་དང་མངོན་གསལ་གྱི་སྒོ་ནས་གཉིས་ཕན་མཉམ་ལས་སྤེལ་བཞིན་ཡོད་ཟེར།

ཏུའུ་ཁི་ཡིས་བསྟན་དོན། ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་ལ་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་བར་གྱི་རིམ་པ་སོ་སོའི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧི་ལི་ཧྥིན་མཇལ་འཕྲད་ལ་ཞུགས།