ཞིང་ཆེན་སྲིད་གྲོས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས།
2019.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན།  ཞིང་ཆེན་སྲིད་གྲོས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།    ཁོས་ནན་གྱིས་བསྟན་དོན།   སྲོལ་རྒྱུན་མི་རིགས་གཙག་དྲུབ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་རིག་གནས་ཐོན་ལས་གལ་ཆེན་ཞིག་ཡིན་པ་དང་།  མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་མི་རིགས་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན།   ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་གྱི་སྲོལ་རྒྱུན་མི་རིགས་གཙག་དྲུབ་ཀྱི་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ད་ལོའི་རྟོག་ཞིབ་གྲོས་མོལ་གྲོས་དོན་གལ་ཆེན་དུ་བརྩིས་ཏེ་ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱེད་པ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱི་གཙག་དྲུབ་ཚོང་རྟགས་བསྐྲུན་པ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་པར་དམིགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གཙག་དྲུབ་ཐོན་ལས་འཕེལ་རྒྱས་ཐད་བཏོན་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱེད་རྒྱུ་རེད།

ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་ཝང་ཞོན་བཅས་གྲོས་ཚོགས་ལ་ཞུགས།

བློ་མཐུན་དྲུག་གིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ཏེ་གཏམ་བཤད་པ་དང་།  རྟོག་ཞིབ་ལ་ཞུགས་པའི་ཨུ་ཡོན་དང་སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་བཅུ་གཅིག་སྤྲད།  ཚང་མས་བལྟས་ན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག   མཚོ་སྔོན་གཙག་དྲུབ་ཐོན་ལས་དེ་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ས་ཁུལ་གྱི་བུད་མེད་རྣམས་ཁྱིམ་སྡོད་ལས་ཞུགས་བྱེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་དང་།  མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱེད་ནུས་མི་དམན་པ་འདོན་བཞིན་ཡོད་ནའང་།   མིག་སྔར་ད་རུང་གཞི་ཁྱོན་ཆུང་བ་དང་འཇོན་མི་དཀོན་པ་སོགས་ཀྱི་གནད་དོན་གནས་ཡོད་པས།  མཚོ་སྔོན་གཙག་དྲུབ་ཐོན་ལས་འཕེལ་རྒྱས་ཐད་ད་རུང་བྱ་བ་མང་པོར་བསྒྲུབ་དགོས་པར་སྙམ།

ཨུ་ཡོན་རྣམས་ཀྱིས་ཐོན་ཁུངས་གཅིག་བསྡུས་ཀྱིས་མཚོ་སྔོན་གཙག་དྲུབ་ཀྱི་ཚོང་རྟགས་བསྐྲུན་པ་དང་།  མཚོ་སྔོན་གཙག་དྲུབ་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ།  མཚོ་སྔོན་གཙབ་དྲུབ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ཕྱིར་འདོན་པ།   ལས་རིགས་སློབ་གླིང་དུ་གཟུགས་འདས་ཤུལ་བཞག་རིག་གནས་སློབ་ཚན་མ་ལག་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་གཙག་དྲུབ་ཀྱི་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་དགོས་པ་སོགས་ཀྱི་གྲོས་གཞི་བཏོན།

དབྱང་ཧྥིན་ཁྲོན་གྱིས་ཁོ་ཚོའི་གཏམ་བཤད་ལ་གཟབ་ནན་གྱིས་ཉན་རྗེས།   ཨུ་ཡོན་རྣམས་ཀྱིས་བཏོན་པའི་གྲོས་གཞི་ལ་ཁས་ལེན་གང་ལེགས་བྱས།   ཁོས་ཁ་ཐོར་དང་ལེགས་སྒྲིག་དང་།  རྒྱུན་འཛིན་དང་གསར་སྐྲུན།  ཐོན་ལས་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ་མཚོ་སྔོན་གཙག་དྲུབ་ཀྱི་རྩལ་ནུས་རྒྱུན་འཛིན་དང་རྙིད་འབུད་གསར་བརྗེ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཞོན་གྱིས་དུས་སྐབས་སྔོན་མའི་རྟོག་ཞིབ་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན།  ཞིང་ཆེན་ནོར་སྲིད་ཐིན།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན།  ཞིང་ཆེན་དབུལ་སྐྱོར་ཅུའུ་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས་ཏེ་ཨུ་ཡོན་རྣམས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ལན་བཏབ།