ཝུའུ་ཝེ་ཧྭ་ཡིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།
2019.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཆིག་སན་སློབ་ཚོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་ཝུའུ་ཝེ་ཧྭ་ཡིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དུ་མཚོ་སྔོན་དུ་ཡོང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་གསོག་སྐྱིལ་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་བསྐྱར་གསོ་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་བསྐྱར་གསོ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

ཝུའུ་ཝེ་ཧྭ་ཡིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་སྔ་གཞུག་ཏུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དང་རྨ་ཆེན་རྫོང་། རྨ་སྟོད་རྫོང་བཅས་ཀྱི་གཉན་པོ་གཡུ་རྩེ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་རྟ་བོར་གྲོང་རྡལ་རྩྭ་ཐང་སྐྱེ་ཁམས་བསྐྱར་གསོ་ས་ཚིགས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་སོགས་སུ་སོང་སྟེ་ཡུལ་དངོས་ནས་རྟོག་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་བཅས་སོ་སོར་རྟོག་ཞིབ་བྱ་འགུལ་ལ་ཞུགས།