ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་ཟླ་བརྒྱད་པའི་ཟླ་མཇུག་ལ་ཟི་ལིང་ནས་སྤེལ་རྒྱུ་རེད།
2019.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་རབས་དང་རིམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་ཝང་ཧྲང་ཁང་གིས་བྱ་འགུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ཁོང་ཡུང་གིས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་བའི་ནང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་མཚོ་སྔོན་ནས་བསྡུ་རྒྱུ་ཐག་བཅད་པ་ནས་བཟུང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་དང་ཁྱད་པར་དུ། ས་གནས་དང་སྡེ་ཁག་སོ་སོའི་ཐུན་མོང་འབད་འཐབ་ལ་བརྟེན་ནས། གྲ་གྲིག་བྱ་བར་གྲུབ་འབྲས་མི་དམན་པ་ཐོབ་ཡོད། མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བླང་བྱ་ལྟར་དུ། ཁེ་ལས་པ་སྟོབས་ཅན་ལྔ་བརྒྱ་མཚོ་སྔོན་དུ་འདུ་བའི་གོ་སྐབས་དམ་འཛིན་བྱས་ནས། དྲིལ་སྒྲོག་ལ་ཤུགས་སྣོན་དང་མཚོ་སྔོན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཇེ་མཐོར་བཏང་མཐར། མཐོ་རིམ་གླེང་སྟེགས་བདེ་ལེགས་ངང་བསྡུ་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།