ལིག་ཉིང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་འཆར་འགོད་སྒྲིག་ལུགས་ལྔ་དང་། ཁུ་ནུ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྟ་གོན་བྱ་བའི་གནས་ཚུལ་ལ་ཉན། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅན་ལུང་ཚོགས་འདུར་ཞུགས་ནས་གཏམ་བཤད། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་གནས་གཞི། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་གྲ་སྒྲིག་བཅས་དང་འབྲེལ་བའི་གནས་ཚུལ་ཡང་མཚམས་སྦྱོར་བྱས།

ལིག་ཉིང་གིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྔོན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་གདམ་ག་མ་ནོར་བ་ཞིག་ཡིན་ལ། མི་འགྱང་བར་བསྡུ་ལ་ཉེ་བའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ནི་ཕྱོགས་གཉིས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་པ་ལས་གྲུབ་པ་ཞིག་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པའི་བླང་བྱ་ལྟར་དུ། ཤུགས་ཆེན་པོས་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་དགོས། ལས་རིམ་ཁག་སོ་སོའི་འཆར་འགོད་ཚད་གཞི་མྱུར་དུ་བཟོ་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་སྒྲིག་ལེགས་བཅོས་བྱེད་པ། མ་དངུལ་སྣ་མང་གི་འགན་སྲུང་ལམ་ལུགས་འཐུས་ཚང་འཛུགས་པ། ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་པར་ཤུགས་སྣོན་པ། ཧུར་བརྩོན་ཆེན་པོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཕན་ཡོད་ཀྱི་འཚོལ་ཞིབ་ལག་ལེན་བྱེད་དགོས་ཟེར།

ཀྲང་ཅན་ལུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱས་ཏེ། མི་འགྱང་བར་བསྡུ་ལ་ཉེ་བའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་གྱི་ཕན་འབྲས་ལ་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད་ལ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་རིམ་ཁག་སོ་སོའི་བྱ་བ་བདེ་ལེགས་ངང་སྤེལ་ནས། དཔེ་སྟོན་སྣེ་སྟོན་གྱི་བྱེད་ནུས་རྣལ་མ་འདོན་གྱིན་ཡོད་ཟེར།