ལིག་ཉིང་གིས་ཡུལ་ཤུལ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། འཕེལ་རྒྱས་གསར་པའི་འདུ་ཤེས་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དོན་དང་ལྡན་པ་བྱེད་པ་བཅས་ལ་འབད་དེ། ཡུལ་ཤུལ་གསར་པ་འཛུགས་སྐྲུན་ལེགས་པོ་བྱེད་དགོས་ཟེར།

ལིག་ཉིང་གིས་ཡུལ་ཤུལ་ཁུལ་གྱི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ཡུལ་ཤུལ་གྱིས་ཁངས་སྐྱོན་གནོད་ཐེབས་རྗེས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་བསྐྱར་གསོན་འཕེལ་རྒྱས་བྱུང་དུ་བཅུག་པ་དང་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། དམངས་ཚིས་ཀྱི་ཞན་ཆ་དུས་ལྟར་གསབ་པ་སོགས་ཀྱི་འཕེལ་ཕྱོགས་ལ་ཁས་ལེན་ཡང་དག་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་དངོས་འབེབས་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲ་ཡིན། ཡུལ་ཤུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དཀྱིལ་དབུས་ན་གནས་པར་བརྟེན། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཡིན་པས། ངེས་པར་དུ་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་གཞལ་བའི་འདུ་ཤེས་ཡིད་ལ་བརྟན་པོར་ངེས་སུ་བཅུག་སྟེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་འབད་འབུངས་ཧུར་བརྩོན་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། ཡུལ་ཤུལ་གྱིས་ཀྱང་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་རེད། ལོ་ངོ་བཅུའི་རིང་ལ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། ཡུལ་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་བར་བརྒལ་གསར་པ་བྱུང་ནས། རྫོགས་ལྡན་གྱི་དུས་རིམ་ཞིག་ཚུར་བསུས་པར་མ་ཟད། རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་སེམས་ཚོར་དང་བདེ་འཇགས་ཀྱི་ཚོར་བ་མངོན་སུམ་ཇེ་དྲག་ཏུ་ཕྱིན་ཏེ། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད་ཟེར།