མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2019.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་པར་དམིགས་ནས་སོ་སོར་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་མཚོ་ཤར་གྲོང་ཁྱེར་སྲིད་གྲོས་སུ་སྔ་གཞུག་ཏུ་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་བསྡུས་པ་དང་། མཚོ་ཤར་གྲོང་ཁྱེར་སྲིད་གྲོས་དང་། ཁུལ་དྲུག་གི་སྲིད་གྲོས་དང་རྫོང་ཁུལ་ཁ་ཤས་ཀྱི་སྲིད་གྲོས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུའི་འགན་ཁུར་བ་གདན་ཞུ་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་ཆེད་མཁས་པ། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཨུ་ཡོན་ལྷན་ཁང་དུ་སྡོད་པའི་ཀྲུའུ་རིན་གཞོན་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་མི་འགྱང་བར་འདོན་ལ་ཉེ་བའི《སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》དང་《སྔར་ལས་ལྷག་པའི་སྒོ་ནས་རིགས་ཁོངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》ལ་བཟོ་བཅོས་བྱེད་པའི་བསམ་འཆར་བསྡུ་ལེན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གྱིས་འགོ་འཛིན་བྱས།

མཱ་ཧེ་དབྱིན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། སྲིད་གྲོས་ཨུ་ཡོན་ནི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་མཁན་གཙོ་བོ་ཡིན་པས། ངེས་པ་དོན་གྱིས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་སྲིད་གྲོས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པའི་རྨང་གཞི་གལ་ཆེན་དང་གནད་འགག་ཡིན། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཚང་མས་བཏོན་པའི་བསམ་འཆར་རྣམས་ཕྱོགས་བསྡུས་དག་སྒྲིག་བྱས་ཏེ། 《བསམ་འཆར》འཐུས་ཚང་དུ་གཏོང་བ་དང་བྱ་བར་ཇུས་འགོད་བྱེད་པའི་གོ་རིམ་ཁྲོད་ནན་ཏན་གྱིས་ཞིབ་འཇུག་དང་བསྡུ་ལེན་བྱེད་དགོས་པའི་རེ་བ་བཏོན།

མཱ་ཧེ་དབྱིན་གྱིས་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་བ་དང་བླང་བྱ་གསར་བའི་རེ་བ་ལྟར་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་བའི་རིགས་ཁོངས་ནུས་པ་འདོན་སྤེལ་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་པར་སྟེགས་བུ་བསྐྲུན་པ། མུ་མཐུད་དུ་འགན་སྒྲུབ་གསར་སྐྲུན་ལ་སྐུལ་འདེད་བྱེད་པ། སྲིད་གྲོས་བྱ་བར་སྐུལ་འདེད་བྱས་ཏེ་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ཨུ་ཡོན་སྲིས་གྲོས་ཀྱིས་རྩ་འཛུགས་བྱས་པའི་རིགས་སོ་སོའི་ཚོགས་འདུ་དང་སློབ་སྦྱོང་གསོ་སྦྱོང་། བརྟག་དཔྱད་ཞིབ་འཇུག་སོགས་བྱ་འགུལ་ལ་ཞུགས་པར་རྒྱབ་སྐྱོར་བྱེད་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨུ་ཡོན་གྱི་ལས་འགན་ཡིད་ལ་དམ་པོར་བཅངས་པ་དང་། མུ་མཐུད་དུ་འགན་འཁྲི་སྲ་སྒྱུར་བྱེད་པ། ཧུར་ཐག་གིས་འགན་སྒྲུབ་ནུས་པ་མཐོར་འདེགས་སུ་བཏང་སྟེ་ཨུ་ཡོན་གྱི་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན།