ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།
2019.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཡིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། ཤུགས་ཆེན་པོས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱིས་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་ཁུལ་བཅས་ནི་ས་བབ་ཅུང་མཐོ་བའི་བོད་ཁུལ་ཡིན་ལ། ས་གནས་དེ་དག་གི་དབུལ་ཕོངས་ཀྱི་ཚད་ཆེ་ལ་རྨང་གཞིའི་ཆ་རྐྱེན་ཞན་པ་དང་། ཕྱུག་འགྱུར་གྱི་རྒྱུ་རྐྱེན་རྙོག་འཛིང་ཆེ། ཧུའུ་ཁྲུན་ཧྭ་སྔ་གཞུག་ཏུ་ཡུལ་ཤུལ་གྲོང་ཁྱེར་དང་རྨ་ཆེན་རྫོང་། ཐུན་ཏེ་རྫོང་། རྩེ་ཁོག་རྫོང་། ཧི་ནན་རྫོང་། ཐུན་རིན་རྫོང་བཅས་སུ་སོང་ནས། ས་གནས་དེ་དག་གི་ཆེས་དབུལ་ཕོངས་ཡིན་པའི་ཞང་དང་སྡེ་བར་དངོས་བཅར་བྱས་ཏེ། འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཡུལ་དངོས་ནས་ཐོན་ལས་དབུལ་སྐྱོར་དང་གནས་སྤོར་དབུལ་སྐྱོར་སོགས་ཀྱི་ལས་དོན་སྤེལ་བཞིན་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ཤུགས་འདོན་ས་གཙོ་བོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་རྒྱལ་ཁ་ཐོབ་ཐུབ་མིན་གྱི་འགག་རྩ་ཡང་ཡིན་པར་བརྟེན། བློ་ཐག་རྦད་ཆོད་སྒོས་ས་ཁོངས་གསུམ་དང་ཁུལ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་ཇུས་གཞི་དངོས་འབེབས་དོན་འཁྱོལ་བྱས་ནས། ད་ཡོད་དམིགས་འབེན་ཚད་གཞིར་འགྱུར་བ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ཏུ་གཅིག་བསྡུ་བྱེད་དགོས། མདོར་ན་འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ཁྲོད་གནས་པའི་གནད་དོན་འབུར་ཐོན་རིགས་རིམ་པར་ཐག་གཅོད་བྱེད་རྒྱུ་དང་། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་མཐར། རྨང་རྐང་བརྟན་པོའི་སྒོ་ནས་ལས་རིམ་ཁག་སོ་སོའི་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་སོགས་ཀྱིས་སོ་སོར་རྟོག་ཞིབ་བྱེད་རོགས་བྱས།