ལིག་ཉིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་ལས་བཟོ་བ་དང་དང་བླངས་པར་འཚམས་འདྲི་བྱས།
2019.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གླེང་སྟེགས་དང་འབྲེལ་བ་ཡོད་པའི་ལས་བཟོ་བ་དང་དང་བླངས་པར་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲོན་ལེང་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གཉིས་ཀྱིས་ཀྱང་འཚམས་འདྲི་བྱེད་རོགས་བྱས།

ལིག་ཉིང་གིས་ལས་བཟོ་བ་དང་དང་བླངས་པ་རེ་རེར་ལག་འཇུ་ཁ་བརྡ་བྱས་ཏེ། ཚང་མས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་ལེགས་ངང་བསྡུས་པ་ལ་འབད་འབུངས་ཧུར་སྐྱེད་དང་དཀའ་སྡུག་གི་རྔུལ་ཆུ་ཕངས་མེད་དུ་གཏོར་བར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་ནི་ལེགས་འགྲུབ་བྱུང་བ་དང་བདེ་ལེགས་ཡིན་པ། ངོ་མཚར་གྱིས་ཕྱུག་པ་བཅས་ཀྱི་ཁྱད་ཆོས་རྫོགས་པའི་གླེང་སྟེགས་འཛོམས་པོ་ཞིག་ཡིན། ཐེངས་འདིའི་གླེང་སྟེགས་བརྒྱུད་དེ་ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་རེ་བའི་ས་བོན་ཕྱོགས་བཞིར་གཏོར་ཡོད་ཅིང་། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ངེས་ཡིན་ཟེར།