ལིག་ཐའོ་ཡིས་ཡུལ་ཤུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་ཉི་ཤུ་དང་ཚེས་ཉེར་གཅིག་ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་དུ་སོང་སྟེ་ཚོང་རའི་ལྟ་སྐུལ་དོ་དམ་དང་ཚོང་རྫས་འཁོར་རྒྱུག རྨང་གཞིའི་སློབ་གསོ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞབས་ཕྱིའི་འགན་སྲུང་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་པོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཡོད་པར་བྱེད་དགོས་ཟེར།

ལིག་ཐའོ་ཡིས་བཤད་རྒྱུར། ཡུལ་ཤུལ་ཁུལ་དུ་ཕྱུགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་བཟང་བས། ཁེ་ལས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་ཕྱུགས་ལས་འཛུགས་སྐྲུན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་འཚོལ་ཞིབ་བྱེད་དགོས་ལ། ཚོང་རའི་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་དང་ཁེ་ལས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་པར་ཞབས་ཕྱི་བསྒྲུབ་པ་དང་འགན་སྲུང་བྱེད་དགོས། རྨང་གཞིའི་སློབ་གསོར་མཐོང་ཆེན་བྱས་ཏེ། སློབ་གསོ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་བཟང་བོར་བསྒྲུབ་པ་དམིགས་འབེན་བྱས་ནས། ཧུར་ཐག་སྒོས་རྨང་གཞིའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པའི་ལས་འགན་དངོས་འབེབས་བྱས་ནས། སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སློབ་གསོའི་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བ་དང་། འོས་འགན་སློབ་གསོའི་གྲོང་གསེབ་གཞི་གཅིག་ཅན་གྱི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།