ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་དང་ཡེ་ཤ་ཡ་ཤར་བྱང་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་གཉིས་པ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུས། 00
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གོ་དང་ཡེ་ཤ་ཡ་ཤར་བྱང་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་གཉིས་པ་ཅི་ལིན་ཁྲང་ཁྲུན་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་མང་བཤམས་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡ་ཤར་བྱང་ནི་འཛམ་གླིང་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་ཆེན་པོ་ལྡན་པའི་ས་ཁུལ་ནང་གི་གཅིག་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་ས་ཁུལ་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་སྒོས་སྒུལ་ནུས་གསར་བ་སྣོན་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཨེ་ཤ་ཡ་ཤར་བྱང་ཁུལ་ཁོངས་མཉམ་ལས་ལ་ཤུགས་སྣོན་པའི་ནུས་ལྡན་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད། སྐབས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དང་མཉམ་ལས་རྒྱ་བསྐྱེད་ནས་ཨེ་ཤ་ཡ་ཤར་བྱང་ལ་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོ་བྱས་པ་དེ་ལས་ཕྱོགས་སོ་སོས་ས་ཁུལ་གྱི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པར་ནམ་ཡང་རེ་སྒུག་བྱེད་པ་མཚོན་ཡོད། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ལས་ཁུངས། ཁེ་ལས་ཀྱི་འཐུས་མིས་སྟེགས་བུ་འདིར་བརྟེན་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་མཉམ་ལས་ཇེ་མང་དུ་གཏོང་བ། གྲུབ་འབྲས་རྒྱ་བསྐྱེད་པར་མ་ཟད་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡ་ཤར་བྱང་ལ་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།