རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཧི་ནན་ཀྲིན་ཀྲིག་ནས་ཚོགས་འགོ་བརྩམས།
2019.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དགུ་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཧི་ནན་ཀྲིན་ཀྲིག་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཚེས་བརྒྱད་ཉིན་ཧི་ནན་ཀྲིན་ཀྲིག་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་སྟེང་། འཐུས་ཚབ་ཚོགས་པ་སོ་སོ་དང་ཚོགས་རའི་ཡུལ་དངོས་ཀྱི་ལྟད་མོ་བ་ཁྲི་བཞི་ཡིས་རྒྱལ་དར་གཟབ་སྦྲེང་རུ་ཁག་ཚོགས་རར་ཞུགས་པར་དགའ་བསུ་བྱས། ཚོགས་རར་ཞུགས་པའི་སྐབས་སུ། འཐུས་ཚབ་ཚོགས་པ་སོ་སོས་སྐར་ཆ་སུམ་ཅུའི་རིང་གི་རིག་རྩལ་འཁྲབ་སྟོན་བྱས་ནས། ཀྲུང་ཧྭ་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་རྣམ་པ་མངོན་པར་བསྟན།

དགོང་མོའི་དུས་ཚོད་བརྒྱད་དང་ལྔ་བཅུའི་སྟེང་། ཝང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

དེའི་རྗེས། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་གཅིག་དང་ལག་གདང་སྦྲེལ་ནས་དུས་རབས་གསར་བར་བསྐྱོད་པ་བརྗོད་དོན་དུ་བྱས་པའི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བརྒྱུད་དེ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་བརྩམས་པ་དང་། འཁྲབ་སྟོན་དེ་ཀྲུང་ཧྭའི་མཆོད་བརྗོད་དང་མཛེས་སྡུག་ལྡན་པའི་ཧི་ནན། ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལེའུ་གསུམ་དུ་དབྱེ་ནས། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་མངོན་མཚོན་བྱས་པ་དང་། ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུའི་རླབས་ཆེན་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་མཚོན་པར་བྱས།

སུན་ཁྲུན་ལན་དང་ཡོའུ་ཆོན་གཉིས་འགོ་རྩོམ་མཛད་སྒོར་ཞུགས་པ་དང་། པཱ་ཐིར་གྱིས་འགོ་རྩོམ་པའི་ཤིས་ཚིག་ཕུལ།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་དགུ་ཡིན་ལ། ལུས་རྩལ་པ་སྟོང་བདུན་དང་དགུ་འགྲན་སྡུར་རྣམ་གྲངས་བཅུ་བདུན་དང་འཁྲབ་སྟོན་རྣམ་གྲངས་བརྒྱ་དང་གོ་བཞི་ཡི་འགྲན་སྡུར་ལ་ཞུགས་རྒྱུ་རེད། ལུས་རྩལ་འགྲན་ཚོགས་སྐབས་སུ་ད་དུང་མི་རིགས་རིག་རྩལ་འཁྲབ་སྟོན་སོགས་རིག་གནས་བྱ་འགུལ་སྤེལ་རྒྱུ་རེད།

འགོ་རྩོམ་མཛད་སྒོའི་སྔོན་དུ། ཝང་དབྱང་གིས་ཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམ་སྟོན་དང་ཧི་ནན་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་མཛད་པ་དང་། ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་ལུས་རྩལ་པའི་འཐུས་ཚབ་མི་སྣ། ལས་དོན་པའི་འཐུས་ཚབ་པ་བཅས་ལ་མཇལ་འཕྲད་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བསྡུས་པ་ནི། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་སོ་སོས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།