ཞིང་ཆེན་རིམ་པའི་སྡེ་ཁག་གི་ནོར་སྲིད་ལས་སྒོ་གཙོ་བོའི་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ཆེན་རིམ་པའི་སྡེ་ཁག་གི་ནོར་སྲིད་ལས་སྒོ་གཙོ་བོའི་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་ཉིན་ཟི་ལིང་ནས་ཚོགས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་དོ་དམ་བཅོས་བསྒྱུར་མགྱོགས་མྱུར་སྒོས་སྤེལ་བ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་འཚོལ་ཞིབ་ལག་ལེན་ནན་མོ་བྱས་པ་བརྒྱུད་དེ། སྔོན་རྩིས་དོ་དམ་བཅོས་བསྒྱུར་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ནོར་སྲིད་ནོར་དོན་བྱ་བའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་། ནོར་སྲིད་ལས་སྒོ་གཙོ་བོ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་རྒྱ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་ལ་བསྩལ་བའི་བཅོས་བསྒྱུར་ཚོད་ལྟའི་ལས་འགན་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡིན་ལ། ནོར་སྲིད་ལས་སྒོ་དང་ཆ་འཕྲིན་ལག་རྩལ་མཉམ་བསྲེས་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་ཐད་འདེགས་སྐྱོར་གྱི་ནུས་པ་འདོན་ཐུབ་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་ཚོད་ལྟའི་བྱ་བའི་ལས་འགན་དང་དམིགས་འབེན་ཧ་ཅང་གསལ་བོ་ཡིན་པས། སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཚོད་ལྟའི་རེ་བར་རྒྱུས་ལོན་ཡང་དག་བྱས་ཏེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཚོད་ལྟའི་བྱ་བ་སྣ་ཚོགས་སྤེལ་དགོས། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་མ་ལག་གསར་བ་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་དགོས། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། ནོར་སྲིད་ལས་སྒོ་གཙོ་བོ་ཐད་ཀྱི་ཤེས་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། མ་ལག་བཀོལ་སྤྱོད་ཀྱི་གོ་རིམ་ཧྲིལ་བོར་རྒྱུས་ལོན་གསལ་བོ་བྱས་ཏེ། ཧུར་ཐག་གིས་རྒྱལ་ཡོངས་ནོར་སྲིད་ཀྱིས་མ་ལག་གསར་བ་ཁྱབ་གདལ་དུ་གཏོང་བའི་ཐད་མཚོ་སྔོན་གྱི་ཉམས་མྱོང་བསྡུ་གསོག་བྱེད་དགོས་ཟེར།