མཚོ་སྔོན་གྱིས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞི་ཚན་ཁག་སློབ་ཆེན་གྱི་གྲབས་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2019.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་བའི་ཚེས་དགུ་ཉིན། མཚོ་སྔོན་གྱིས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞི་ཚན་ཁག་སློབ་ཆེན་གྱི་གྲབས་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ནས་དུས་རིམ་སྔོན་མའི་བྱ་བར་སྤྱི་སྡོམ་དང་དུས་རིམ་ཕྱི་མའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞི་ཚན་ཁག་གི་སློབ་ཆེན་གྲབས་འཛུགས་ལས་དོན་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་སྟོབས་ལྡན་གྱི་རྒྱལ་ཁབ་བསྐྲུན་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། སློབ་གསོ་དེང་རབས་ཅན་དང་མི་དམངས་ཀྱི་འདོད་བློ་ཚིམ་ཐུབ་པའི་སློབ་གསོ་མགྱོགས་མྱུར་ངང་གཉེར་བར་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་འཕེལ་རྒྱས་བླང་བྱར་རུང་བསྟུན་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ལ་རང་འགུལ་ངང་བརྩི་སྲུང་བྱེད་པ།  ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཐབས་ལམ་གསར་པ་ཞིག་ཡིན། འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་རྗེས་ཀྱིི་ཟླ་ངོ་གཅིག་གི་རིང་ལ། ལས་ཁུངས་སོ་སོ་དང་གྲབས་འཛུགས་གཞུང་ལས་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། དཀའ་ངལ་ཁྱད་གསོད་དང་བྱས་རྗེས་འབད་པས་འཇོག་པ། ལས་དོན་ལ་ཏན་ཏིག་ངང་སྐུལ་འདེད་གཏོང་བ་བཅས་བྱས་མཐར། གྲབས་འཛུགས་བྱ་བར་འཕེལ་རྒྱས་གསར་པ་འབྱུང་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞི་ཚན་ཁག་སློབ་ཆེན་གྱི་མིང་དང་། གྲབས་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་རིམ་ཆོས་ཉིད། གྲབས་འཛུགས་ཇུས་གཞི་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས།