ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་གཏིང་ཟབ་བྱས་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།
ད་ལོར། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་ཐད་ནས་ཞིང་ཆེན་གོང་འོག་ཡོངས་ཀྱིས་འབད་འཐབ་དང་མཉམ་འཛིན་དོ་དམ་བྱེད་པ་དང་། ལས་གཞིའི་མ་དངུལ་བརྩོན་ལེན་བྱས་པ་བརྒྱུད་དེ། ཟི་ལིང་དང་མཚོ་ལྷོ། རྨ་ལྷོ་སོགས་ས་ཆ་དང་ཆ་འཕྲིན་བཀོད་འདོམས་དང་འཕྲིན་གཏོང་མ་ལག་སོགས་ཀྱི་མེ་འགོག་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། བསྡོམས་པས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཏང་སྟེ། ནགས་ཚལ་དང་རྩྭ་སའི་མེ་འགོག་ཐད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་དང་ཆ་འཕྲིན། བརྙན་རིས་ལྟ་སྐུལ་སོགས་མ་ལག་གི་འཛུགས་སྐྲུན་ལེགས་བསྒྱུར་བྱས་པ་དང་། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་ཕྱོགས་བསྡུས་ཚོད་འགོག་ནུས་པ་མཐོར་འདེགས་བཏང་།
ཚོགས་ཐོག་ནས། རིམ་པ་སོ་སོའི་ནགས་ལས་དང་རྩྭ་ས་སྡེ་ཁག་གིས་བསམ་བློའི་སྟེང་ནས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བར་མཐོང་ཆེན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དུ་སྔར་ཡོད་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ནགས་ཚལ་དང་རྩྭ་སའི་མེ་འགོག་ཐད་ཀྱི་འགན་འཁྲི་མ་ལག་འཛུགས་སྐྲུན་བརྟན་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ས་སྡེ་ཁག་གིས་ནགས་ཚལ་གྱི་མེ་འགོག་དྲིལ་སྒྲོག་སློབ་གསོ་སྤེལ་ནས། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་ཉེན་ཁའི་རིམ་པ་དང་བྱ་བའི་སྒུལ་རྣམ་ཁྱབ་སྒྲོག་བྱེད་དགོས། ནགས་ཚལ་དང་རྩྭ་སའི་མེ་འགོག་སློབ་གསོ་ཁྱིམ་ཚང་དང་སློབ་གྲྭ སྡོད་ཁུལ། ལས་ཁུངས། ཁེ་ལས། རོང་འབྲོག་ཁུལ་དུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། རྣམ་པ་མང་པོ་དང་བྱེད་ཐབས་མང་པོས་མེ་འགོག་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་འདུ་ཤེས་སྔར་ལས་མཐོར་འདེགས་གཏོང་དགོས། སྔོན་དུ་འཆར་འགོད་བྱེད་པ་དང་། ཆེད་ལས་མེ་གསོད་དཔུང་སྡེ་དང་མང་ཚོགས་མེ་གསོད་དཔུང་སྡེའི་དོ་དམ་དང་རུ་མིའི་གསོ་སྦྱོང་ལ་ཤུགས་སྣོན་པ། དུས་ཚོད་ཉེར་བཞིའི་ལས་རེས་དང་འགོ་ཁྲིད་ཀྱི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། མེ་སྐྱོན་གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།