ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་འགོ་གཙོ་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་རྒྱལ་ཁབ་དྲུག་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།
2019.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་བཞི་ཉིན་ནས་ཚེས་བདུན་ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་འགོ་གཙོ་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་རྒྱལ་ཁབ་དྲུག་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྒྱལ་ཁབ་དྲུག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་དྲུག་ནི་ཆེས་སྔ་མོར་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་སྐོར་ཞིག་ཡིན། རྒྱལ་ཁབ་དྲུག་པོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། ཀྲུང་གོ་དང་རྒྱལ་ཁབ་དྲུག་པོས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་རྒྱལ་ཁབ་དྲུག་པོའི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། དེང་སྐབས་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་སོང་ཞིང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། དུས་རབས་གསར་བར་ཀྲུང་གོ་དང་རྒྱལ་ཁབ་དྲུག་པོའི་འབྲེལ་བ་དེ་སྔར་ལས་ཡངས་པའི་མདུན་ལྗོངས་གསར་བ་དང་འཕྲད་ཡོད། བདག་གིས་རྒྱལ་ཁབ་དྲུག་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། རྒྱལ་ཁབ་དྲུག་པོའི་འགོ་གཙོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་མགོ་ཚུགས་ས་གསར་བ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་གོ་སྐབས་བཀོལ་སྤྱོད་གང་ལེགས་བྱས་ནས། སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་དྲུག་པོའི་འགོ་གཙོས་བཤད་རྒྱུར། ལོ་བདུན་ཅུའི་རིང་ལ། རྒྱལ་ཁབ་རང་རང་དང་ཀྲུང་གོའི་ཕྱོགས་གཉིས་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་དང་ཉམས་སད་ཐེག་པ་དང་ཡུན་རིང་འཕེལ་རྒྱས་བྱུང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། རྒྱལ་ཁབ་དྲུག་པོས་ཀྲུང་གོས་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དུ་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྲོལ་རྒྱུན་མཛའ་མཐུན་ལ་དོ་སྣང་བྱེད་པར་མ་ཟད། ཀྲུང་གོའི་ཕྱོགས་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་རྒྱལ་ཁབ་དྲུག་པོའི་ཙུང་ལི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དྲུག་པོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་སྔར་འཕེལ་རྒྱས་སུ་འགྲོ་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། རྒྱལ་ཁབ་དྲུག་པོའི་ཙུང་ལི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ལ་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།