ལིས་ཁི་ཆང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་དང་གྲོས་མོལ་མཛད།
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་བའི་ཚེས་དགུ་ཉིན། ལིས་ཁི་ཆང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལེ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་པའི་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ནས། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལེ་ཡིས་རང་རྒྱལ་ལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།

     ཟླ་བཅུ་བའི་ཚེས་དགུ་ཉིན། ལིས་ཁི་ཆང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལེ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་བར་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་བྲིས་པ་དང་། དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱིས་མཉམ་དུ་གཏན་འཇགས་སྲུང་སྐྱོབ་བྱེད་པ་དང་དར་རྒྱས་མངོན་འགྱུར་བྱེད་པར་ཕན་པ་ཆེན་པོ་ཡོད། ཀྲུང་གོས་ནམ་ཡང་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་བསམ་ཚུལ་བཅངས་ཡོད་ལ། ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་པའི་ཐད་འབད་འཐབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་དམ་བཅའ་བཞག་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། སོ་ལོ་མོན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་འགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོས་བརྗེ་རེས་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་དམངས་བློའི་རྨང་གཞི་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་བསྐྲུན་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་སོ་ལོ་མོན་གླིང་ཚོམ་གྱི་ཉོ་ཚོང་གྲོགས་པོ་དང་ཕྱིར་གཏོང་ཚོང་ར་ཆེན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཉ་ལས་དང་ནགས་ལས། གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་སོ་ལོ་མོན་གྱི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱེད་པ་དང་། མཉམ་སྤྱོད་མཉམ་འཛུགས། མཉམ་སྤྱོད་བྱེད་པ། ཉོ་ཚོང་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་གྲོས་མོལ་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་རྒྱལ་རྒྱ་སྐྱེད་པ། སོ་ལོ་མོན་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོ་རུ་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཚོང་ར་ཆེན་དུ་བསྒྱུར་བའི་རྩ་དོན་ལྟར་སོ་ལོ་མོན་གྱི་རྨང་གཞི་སྒྲིག་གཞི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོས་སོ་ལོ་མོན་གྱི་དམངས་ཁྲོད་དང་ས་གནས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། སོ་ལོ་མོན་གླིང་ཚོམ་དེ་ཀྲུང་གོ་སྤྱི་དམངས་ཀྱིས་ཚོགས་པ་བསྒྲིགས་ནས་ཁོངས་བརྒལ་གནས་སྐོར་བྱེད་པའི་དམིགས་འབེན་ས་ཆ་རུ་བསྒྱུར་བར་འཐད་པ་ཡིན་ལ། སོ་ལོ་མོན་གྱིས2023ལོའི་ཞི་བདེ་རྒྱ་མཚོའི་ལུས་རྩལ་འགྲན་ཚོགས་གཙོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། སོ་ལོ་མོན་ཀྲུང་གོ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་དང་སོ་ལོ་མོན་བར་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་མ་འོངས་པའི་མཉམ་ལས་ཀྱི་མདུན་ལྗོངས་གསར་སྤེལ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

སོ་ཅཱ་ཝ་ལེ་ཡིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོས་ཀུན་ཀྱིས་ཡིད་སྨོན་བྱེད་ཆོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད། སོ་ལོ་མོན་གླིང་ཚོམ་ལོ་རྒྱུས་ཀྱི་ཡང་དག་ཕྱོགས་སུ་འགྲེང་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་བྱེད་པའི་དམ་བཅའ་བཞག་པ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཆོད་དོན་དང་མཐུན། སོ་ལོ་མོན་དང་ཀྲུང་གོ་གཉིས་ཀ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་གཏོགས་པ་དང་། ཚང་མ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། སོ་ལོ་མོན་གྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་གཞི་མང་པོ་འགོད་པར་བདེན་དཔང་བྱས།

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

གྲོས་མོལ་མ་བྱས་པའི་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ནས། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅཱ་ཝ་ལེ་ཡིས་རང་རྒྱལ་ལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

རྒྱལ་སྲིད་ཨུ་ཡོན་ཝང་དབྱི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ལིས་ཧྥུན། ལིས་ཞིན་ཁྲིན་གསུམ་དགའ་བསུ་མཛད་སྒོར་ཞུགས།