ཞི་ཅིན་ཕིང་གིས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2019.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ཏེ། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་ཁྲི་སྟོང་མང་པོ་དང་། ཏང་གི་ལོ་ཆུང་བྱིས་པའི་ལས་དོན་ཐད་ལ་འབད་འཐབ་ཀྱིས་བྱ་བ་སྒྲུབ་བཞིན་པའི་རྒྱ་ཆེ་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་ཁྲིད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་བྱེད་མཁན་བཅས་ལ་ལྷག་བསམ་འཁོལ་བའི་རྟེན་འབྲེལ་དང་སེམས་གཏིང་ནས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ་ཏང་གི་འགོ་ཁྲིད་འོག་ཏུ་ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་སློབ་གསོ་དང་རང་བདག་སློབ་གསོ། ལག་ལེན་སློབ་གསོ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་གཅིག་རྒྱུད་གཅིག་འཛིན་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ཆུང་གདོང་ལེན་རུ་ཁག་ནི་ན་ཆུང་བྱིས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཡིན། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་མི་ནི་མེས་རྒྱལ་ལ་དགའ་བ་དང་མི་དམངས་དགའ་བ། གུང་གོ་གུང་ཁྲན་ཏང་ལ་དགའ་བ་བཅས་བྱེད་དགོས་པར་མ་ཟད། ཕུགས་བསམ་ཆེན་པོ་ཡོད་པར་བྱེད་པ་དང་ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱེད་པ། དཀའ་སྤྱད་ཀྱིས་ཤེས་བྱ་སྣ་ཚོགས་ལ་སློབ་སྦྱོང་བྱེད་པ། གཟུགས་པོ་བདེ་ཐང་ཡོང་བར་སྦྱོང་བརྡར་བྱེད་པ། ངལ་རྩོལ་བྱེད་ཕོད་པའི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། སློབ་ཆུང་ནས་བཟུང་གདོང་ལེན་པ་བྱེད་པ་དང་ནར་སོན་ན་གདོང་ལེན་པ་བྱས་ནས། མི་རིགས་བསྐྱར་དར་གྱི་འོས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་བ་ཞིག་འཁྱོངས་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཁག་ཐེག་བྱས་ཏེ། ལོ་ཆུང་གདོང་ལེན་རུ་མི་བདེ་ཐང་ངང་འཚར་ལོང་དང་ལོ་ཆུང་གདེང་ལེན་རུ་ཁག་གི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་གསར་སྐྲུན་གྱི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་ལ་སྣེ་ཁྲིད་བྱེད་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་འགན་འཁྲི་སེམས་ལ་དམ་པོར་བཅངས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སྐེ་དར་དམར་པོ་སྔར་ལས་བཀྲག་མདངས་ལྡན་པ་ཞིག་བྱེད་དགོས་ཟེར།