ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་ལ་ཁ་པར་བཏང་།
2019.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཁ་པར་བཏང་།

ཞི་ཅིན་ཕིང་གིས་མཱ་ཁི་ལུང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་སུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བར་བཀའ་དྲིན་ཞུས། ཁོང་གིས་བསྟན་དོན། ཧྥ་རན་སིའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་རོགས་རམ་དང་རྒྱབ་སྐྱོར་མང་པོ་འདོན་སྤྲོད་བྱས། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ཀྱང་ཀྲུང་གོ་ཁ་འབྲལ་ཐབས་མེད། ཀྲུང་གོས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཧྥ་རན་སི་འདུ་བའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ལོ་ཡིན། ད་ལོའི་ཟླ་གསུམ་པར། ངས་ཁྱེད་ཀྱི་གདན་ཞུ་ལྟར་ཧྥ་རན་སི་ལ་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་མཛད་དེ། ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་བྲིས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་རྒྱུན་མ་ཆད་པར་སྲ་བརྟན་དུ་གྱུར་བ་དང་། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་བླངས་ལ། རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་སྔར་ལས་ཕན་འབྲས་ལྡན་པར་གྱུར། ངས་ཁྱེད་བར་གྱི་འགྲོ་འོང་དང་བརྗེ་རེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་སྔར་ལས་སྤུས་ཚད་ལེགས་པའི་གྲུབ་འབྲས་མང་པོ་ལེན་པར་སྐུལ་འདེད་གཏོང་བ། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོས་ཧྥ་རན་སིས་པ་ལེའི་ཞི་བདེ་གླེང་སྟེགས་སྐབས་གཉིས་པ་བསྡུ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཧྥ་རན་སི་བདག་མགྲོན་རྒྱལ་ཁབ་བྱས་ནས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་གཉིས་པར་ཞུགས་པར་དགའ་བསུ་ཞུས་པ་ཡིན་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་ཡིན། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དམ་ཞིང་ཟབ་ལ་ཡུན་ཧ་ཅང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་གསུམ་པར་ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་མཛད་པ་དེས་ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། མིག་སྔའི་གནས་བབ་འོག ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འཐབ་ཇུས་བརྗེ་རེས་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཧྥ་རན་སི་ཡིས་ཀྲུང་གོའི་བར་གྱི་ཉོ་ཚོང་དང་དམངས་བཀོལ་ཉིང་རྡུལ་ནུས་པ། མཁའ་འགྲུལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་དུ་བཏང་སྟེ། ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཁ་གཏད་འཇལ་འདོད་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དང་། མི་འགྱངས་པའི་མ་འོངས་པར་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་ཞུས་པར་རེ་སྒུག་བྱེད་ཀྱིན་ཡོད། ཧྥ་རན་སིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་གཉིས་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་དུང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།