ལིག་ཉིང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2019.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྟོན་དུས་ཀྱི་ལས་དོན་གཙོ་བོའི་འོས་འགན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྙན་ཞུར་ཉན་ནས། དུས་ཚིགས་སྔོན་མ་གསུམ་གའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱས་པ་ལས་གཞན། དགུན་དུས་ཀྱི་བྱ་བའི་གནད་ས་དང་གྲོང་གསེབ་ཐོན་ལས་བསྐྱར་དར་གོམ་སྟབས་སྔར་ལས་མགྱོགས་སུ་གཏང་བར་སྐུལ་འདེད་གཏོང་བའི་ལས་དོན་སོགས་ལ་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐའ་གཅིག་ཏུ་བྱས་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་ལས་དོན་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པར་མ་ཟད། ཁྱོན་ཡོངས་ནས་བརྟན་འཇགས་དྲུག་གི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྒུལ་ཤུགས་ཆེན་པོར་བརྟེན་ནས། དབྱར་ཁ་དང་སྟོན་དུས་ཀྱི་མཉམ་འཐབ་དུས་ཚིགས་སོགས་ཀྱི་ཆེད་དོན་ལག་ལེན་དམ་པོར་བཟུང་བ་ལས་གཞན། འབད་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་དང་། ལས་རིམ་ཁག་སོ་སོའི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་བརྒྱུད། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་འཇགས་དང་སྒྲིག་གཞི་བསྙམས་པ་བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་བྱུང་མཐར། འཕེལ་རྒྱས་ཀྱི་སྤུས་ཀ་བརྟན་འཇགས་ཀྱི་ཁྲོད་ནས་ལེགས་ལམ་ལ་ཕྱོགས་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དགུན་དུས་ནི་ལོ་ཧྲིལ་བོའི་ཆེས་མཐའ་མཇུག་གི་དུས་ཚིགས་ཡིན་ལ། ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་ལ་འབད་འབུངས་བྱེད་པའི་དུས་ཚིགས་ཤིག་ཀྱང་ཡིན། དམིགས་ཚད་འོས་འགན་ནུས་ཤུགས་ཡོད་རྒུ་གཅིག་སྒྲིལ་བྱེད་པ་དང་། ཚད་གཞི་དང་དུས་ཚོད་དང་ལས་ཡུན་བཅས་ལ་བཀོད་སྒྲིག་བྱེད་པ། བསམ་བློ་སླར་ཡང་བཅིངས་འགྲོལ་དང་སེམས་ཤུགས་སླར་ཡང་གཅིག་བསྡུས། འགན་འཁྲི་སླར་ཡང་དོན་འཁྱོལ། བྱ་ཐབས་སླར་ཡང་ཤུགས་ཆེར་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་ཡོང་བར་བྱེད་དགོས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་། གཙོ་གནད་ཁྱབ་ཁོངས་དང་ས་ཁུལ། ལས་རིགས་བཅས་ལ་དམ་པོར་དམིགས་པ། གནད་སྨིན་དབྱེ་ཞིབ་དང་ཆད་སྐྱོན་ཞིབ་བཤེར་ཁ་གསབ། བརྟན་པོའི་ངང་འཕར་སྣོན་འབྱུང་བར་བྱེད་པ་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་ཁེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ། བརྟན་འཇགས་ལ་འགན་ལེན་བྱེད་པ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། སྲིད་ཇུས་གལ་ཆེན་ཞིབ་འཇུག་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཕྱི་ལོའི་ལས་དོན་དང་དེ་བཞིན“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ལ་ཞིབ་འཇུག་འཆར་འགོད་ཡག་པོ་བྱེད་དགོས། བསྡོམས་རྩིས་སྡེ་ཁག་གིས་གསར་གཏོད་ཀྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་གསར་གཏོད་ལ་དམིགས་ཏེ་གཅིག་གྱུར་དང་ཁྲིམས་ལྟར་བསྡོམས་རྩིས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མ་ལག་ཆ་ཚང་བ་དང་ཁྱད་ཆོས་མངོན་གསལ་དོད་པའི་དུས་རབས་གསར་པའི་དེང་རབས་ཅན་གྱི་བསྡོམས་རྩིས་བརྟག་དཔྱད་མ་ལག་གང་མགྱོགས་བཙུགས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་འཇོག་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། གྲོང་གསེབས་བསྐྱར་དར་ནི་ཐོན་ལས་བསྐྱར་འཕེལ་གྱི་གནད་འགག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྐུད་སྣེ་གཙོ་བོར་འཛིན་པ། པུའུ་དང་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་ལས་དོན་ཤུགས་འདོན་སར་བརྩིས་ཏེ། ཁྱད་ཐོན་དགེ་མཚན་ཐོན་ལས་ལ་ཤུགས་སྣོན་དང་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། དགེ་མཚན་བསྐྲུན་པ། ཞིང་བར་མཉམ་འབྲེལ་དང་ཞིང་བར་སྐུལ་ཁྲིད་བྱེད་པ། མཉམ་བསྲེས་འཕེལ་རྒྱས་གཏོང་བ་སོགས་ལ་འབད་དེ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་བར་བགྲོད་ལམ་ལེགས་པོ་བཏོད་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།