ཐེན་ཅིན་ཁྲིན་གྱིས་ཆུ་དམར་ལེབ་རྫོང་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐོར་ནས་ཆེད་དོན་སློབ་ཁྲིད་བྱས།
2019.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་སོང་ནས། ས་གནས་དེ་གའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་བྱ་བར་མཛུབ་སྟོན་བྱས་ཏེ། རྫོང་ཡོངས་ཀྱི་ཁུ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཏང་གི་སློབ་ཁྲིད་བྱས་ནས། ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཕྲག་སྟེང་ལེན་པ། ཧེ་བག་འཚོལ་བ། དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་པ་བཅས་ཀྱི་སྐོར་ནས་སློབ་སྟོན་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ཆུ་དམར་ལེབ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བ་ན་གནས་ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་ཆུའི་འགོ་ཁུངས་གཙོ་བོ་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་གོ་གནས་དམིགས་བསལ་བ་ལྡན། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བརྗོད་དོན་སློབ་གསོའི་གོ་སྐབས་དམ་པོར་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རང་རྒྱུད་ལ་བརྟན་པོར་ཆགས་པར་བྱེད་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འོས་འགན་གསར་བ་དང་བླང་བྱ་གསར་བར་གོ་བ་མ་ནོར་བ་བླངས་ཏེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་བསྐྲུན་མཁན་རྣལ་མ་ཞིག་ཏུ་འགྱུར་བར་བརྩོན་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་རྟོག་ཞིབ་བྱེད་སྐབས། ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།