ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2019.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་ངང་དབུལ་ཐར་བྱ་བ་བཟང་བོར་བསྒྲུབས་པས། གྲུབ་འབྲས་མངོན་གསལ་བླངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས་ལ། ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་བསྒྲིལ་གྱིས་འབད་འཐབ་ལྷོད་མེད་བྱས་ཏེ། གྲུབ་འབྲས་མི་དམན་པ་བླངས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་གནད་དོན་མི་འགྱངས་པར་ཐག་གཅོད་རྒྱུ་ཡིན་པ་དང་། དེས་འཛམ་གླིང་གི་དབུལ་ཐར་ལས་དོན་ཐད་བྱས་རྗེས་ཆེན་པོ་འཇོག་ཐུབ་པ་ཁོ་ཐག་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་ཁའི་ཕུ་ཐག་གཅོད་པ་དང་ཁྱོན་ཡོངས་ནས་མཇུག་བསྡུ་བའི་གནད་འགག་དུས་རིམ་དུ་སླེབས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དམིགས་འབེན་དམ་འཛིན་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་པ། ཧ་ཅང་དབུལ་ཕོངས་ཡིན་པའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་པ། དབུལ་ཕོངས་མི་གྲངས་ཀྱི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་དང་བཏུང་ཆུའི་བདེ་འཇགས་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཐར་བྱེད་པར་ཁག་ཐེག་བྱེད་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དགོས། ཕན་ཡོད་བྱེད་ཐབས་སྤྱོད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་བཀོད་དེ་བསྟན་དོན། མིག་སྔར། དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་ཁའི་ཕུ་ཐག་གཅོད་པའི་གནད་འགག་དུས་རིམ་དུ་སླེབས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ། མུ་མཐུད་དུ་འབད་འཐབ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་དགོས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་འབུར་ཐོན་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་པ་དང་། སྟོབས་ཤུགས་གཅིག་བསྒྲིལ་གྱིས་དབུལ་ཐར་གནད་དོན་ཐག་གཅོད་དགོས། ཐོན་ལས་དབུལ་ཐར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། དབུལ་སྐྱོར་གནས་སྤར་རྗེས་ཀྱི་རོགས་སྐྱོར་ལ་ཤུགས་བསྣན་ནས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཕྱིར་དབུལ་བོར་འགྱུར་བ་སྦོན་འགོག་བྱེད་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར། གནས་གཏན་འཁེལ་གྱི་དབུལ་སྐྱོར་སོགས་རྒྱུན་མཐུད་ངང་སྤེལ་བ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པར་སྐུལ་སློང་གཏོང་བ། ཕྱོགས་སོ་སོ་ནས་མཉམ་ལས་གྲུབ་པར་བྱས་ཏེ། ད་ལོར་ཡང་བསྐྱར་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་ལྷག་ཇེ་ཉུང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། སང་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།