ཐིན་ཅཱ་ཚའེ་ཡིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་སློབ་གསོའི་སྦྲེལ་གནས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་སློབ་གསོའི་སྦྲེལ་གནས་ཏེ། མཚོ་སྔོན་དགེ་འོས་སློབ་ཆེན་དུ་སོང་ནས། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་སྐོར་ནས་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་བཞུགས་མོལ་བྱས་པར་མ་ཟད། སློབ་གྲྭའི་འབྲིང་རིམ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་ཏང་ཡོན་འཐུས་མིར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཐིན་ཅཱ་ཚའེ་ཡིས་དགེ་འོས་སློབ་ཆེན་གྱི་བརྗོད་དོན་སློབ་གསོའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་བྱས་པའི་དུས་མཚུངས་སུ། སློབ་གྲྭའི་ཏང་འཛུགས་སྣེ་སྟོན་འབུར་དུ་ཐོན་དགོས་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ཐད་ནས་བླང་བྱ་བཏོན་ཏེ་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཏང་འཛུགས་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་དང་མཐོར་འདེགས་གཏོང་བའི་བྱེད་ཐབས་ཤིག་ཡིན་པས། སློབ་ཆེན་གྱིས་དགེ་སློབ་བར་གྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་ལས་གཞན། ཏང་འཛུགས་བྱ་བའི་སྐོར་གྱི་ཧེ་བག་དང་མི་འདང་སར་དོ་སྣང་ཐག་གཅོད་བྱས་ནས། ཏང་འཛུགས་བྱ་བའི་སྟེང་ནས་གྲུབ་འབྲས་མངོན་གསལ་ལོན་པར་འབད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་ཏང་གི་སློབ་ཁྲིད་བྱེད་སྐབས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལས་དོན་ནི་ཏང་འཛུགས་ཀྱི་བརྗོད་དོན་འགྱུར་མེད་ཡིན་པས། སློབ་ཆེན་ཁག་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་སློབ་གསོའི་བྱེད་ཐབས་སྲིད་ཇུས་ལག་བསྟར་དངོས་འབེབས་བྱེད་དགོས། ཆབ་སྲིད་བརྩི་བ་ནི་མཐོ་རིམ་སློབ་ཆེན་གྱི་བླང་བྱ་ཐོག་མ་ཡིན་ལ། ངེས་པར་དུ་ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་བརྩི་རྒྱུ་དང་བདེན་འཛིན་ཞུམ་མེད་ཀྱི་སྒོ་ནས་ཆབ་སྲིད་བསྒྲུབ་དགོས་པར་མ་ཟད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ལག་ལེན་དངོས་ལ་བརྟེན་ནས་ཏང་དོ་དམ་དང་སློབ་གྲྭ་བཅོས་སྐྱོང་བྱེད་པའི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཟེར།