ཏུའུ་ཅེ་ཡིས་མདའ་བཞི་རྫོང་ལ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2019.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མདའ་བཞི་རྫོང་གི་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་སློབ་སྦྱོང་ནན་མོ་བྱེད་པ་དང་། སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དངོས་འབེབས་བྱེད་དགོས་པའི་བརྗོད་དོན་དཀྱིལ་སྙིང་དུ་བཟུང་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཏུའུ་ཅེ་ཡིས་བསྟན་དོན། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དངོས་འབེབས་ནན་མོ་བྱེད་དགོས་པར་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། ཧེ་བག་འཚོལ་བ། དངོས་འབེབས་ལས་དོན་དམ་པོར་འཛིན་པ་བཅས་ཀྱི་སྤྱིའི་བླང་བྱའི་ནང་སྙིང་ལ་གོ་བ་མ་ནོར་བ་བླངས་ནས། ཚད་གཞི་མཐོ་ལ་རེ་བ་ནན་འཛིན་གྱི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་ཏེ། བརྗོད་དོན་སློབ་གསོར་ཕན་འབྲས་མིག་མཐོང་ལག་ཟིན་ཞིག་ཐོབ་པར་འགན་ལེན་ཁག་ཐེག་བྱས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།