ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་མི་འདེམ་མི་བཀོལ་སྐོར་ཐེངས་དྲུག་པའི་ཆེད་དོན་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས་ཏེ། ཟླ་གཅིག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དང་མཁར་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ། གུང་ཧོ་རྫོང་བཅས་ས་ཁུལ་དང་སྡེ་ཁག་བཅུ་རུ་མི་འདེམ་མི་བཀོལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་རེད།
ཐེངས་འདིའི་མི་འདེམ་མི་བཀོལ་ཆེད་དོན་ཞིབ་བཤེར་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བར་ཀྲུང་གུང་ཀྲུང་དབྱང་གིས་དཔར་ནས་བཀྲམ་པའི་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་འདྲི་ཞིབ་བྱེད་ཐབས་གཞིར་བཟུང་ནས་སྐོར་ཞིབ་བྱེད་ཡུལ་གྱི་ས་ཁུལ་དང་སྡེ་ཁག་དག་གི་ཐེངས་སྔོན་མའི་སྐོར་ཞིབ་ཀྱི་ཚུན་ལ་མི་འདེམ་མི་བཀོལ་བྱ་བ་དང་ལས་བྱེད་པའི་འགན་འཁྲི་ཁག་ཁུར་གནས་ཚུལ་གཙོར་བཟུང་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཞིབ་བཤེར་བྱེད་ཡུལ་གཙོ་བོ་ནི་སྐོར་ཞིབ་བྱེད་ཡུལ་གྱི་ས་ཁུལ་དང་སྡེ་ཁག དེ་མིན་རིམ་པ་འོག་མའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཁོངས་མི་ཡིན་ལ། ཞིབ་བཤེར་ཚན་ཆུང་གིས་སྙན་ཞུར་ཉན་པ་དང་རྒྱུ་ཆར་ལྟ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མི་འདེམ་མི་བཀོལ་བྱ་བའི་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་དང་ལེགས་བཅོས་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མི་འདེམ་མི་བཀོལ་ཆེད་དོན་ཞིབ་བཤེར་ཚན་ཆུང་ཟླ་བཅུ་བའི་ནང་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་དུ་བཅའ་སྡོད་བྱས་ཏེ་ཞིབ་བཤེར་བྱ་བ་སྤེལ་རྒྱུ་ཡིན་པ་དང་། རྒྱུན་མཐུད་དེ་ས་ཁུལ་དང་སྡེ་ཁག་བཅུ་ཡི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།