ཁུང་ཡུང་གིས་སྦྲགས་སྲིད་དང་ལྕགས་ལམ་ཀུང་སིའི་བྱ་བར་རྟོགས་ཞིབ་བྱས། 
2019.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

   ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁུང་ཡུང་གིས་ཀྲུང་གོ་སྦྲགས་སྲིད་མཚོ་སྔོན་ཡན་ལག་ཀུང་སི་དང་ཀྲུང་གོའི་མཚོ་བོད་ལྕགས་ལམ་ཀུང་སི་རུ་རྟོགས་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྦྲགས་སྲིད་དང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོ་ཡིན་ལ་རྒྱལ་ཁབ་ཀྱི་འཆར་གཞི་དང་མི་དམངས་ཀྱི་འཚོ་བར་འབྲེལ་བ་ངེས་ཅན་ཡོད་པས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འབུར་ཏུ་ཐོན་པ་བཞག་ཡོད། མིག་སྔར་འཕེལ་རྒྱས་ཀྱི་རྐང་ཚུགས་ས་དོན་དངོས་དང་འབྲེལ་དེ་རང་འགུལ་གྱིས་བཀོད་སྒྲིག་ལེགས་པོ་དང་ཤུགས་ཆེན་པོས་གསར་གཏོད་འཕེལ་རྒྱས་སུ་གཏོང་བ། བདེ་འཇགས་འཁོར་རྒྱུགས་ལ་འགན་སྲུང་ལེགས་པོ་བྱས་ཏེ་སྔར་ལས་བཟང་བོའི་སྒོ་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཕྱོགས་ལག་བསྟར་ཐད་ལ་བྱས་རྗེས་འབུར་ཐོན་འཇོག་དགོས་ཟེར།     

 ཁུང་ཡུང་སྔ་གཞུག་ཏུ་ཟི་ལིང་སྦྲགས་སྲིད་དཀྱིལ་སྙིང་ཅུའུ་དང་བཀོད་འདོམས་ལྟེ་གནས་སོགས་སུ་ནས་ཡུལ་དངོས་ནས་བཀོད་འདོམས་གནས་ཚུལ་དང་སྦྲགས་སྲིད་ཁེ་ལས་འཁོར་རྒྱུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་རིམ་པ་དང་པོའི་སྦྲགས་སྲིད་ལས་བྱེད་པར་བརྩེ་བའི་མཚམས་འདྲི་མཛད།  ཁོང་གིས་བསྟན་དོན། སྦྲགས་སྲིད་ཞབས་ཞུ་ཡིས་ཆབ་སྲིད་རང་བཞིན་དང་གསལ་ཤེས་རང་བཞིན། དུས་ཐོག་རང་བཞིན། སྟབས་བདེ་རང་བཞིན། བདེ་འཇགས་རང་བཞིན་སོགས་འབུར་ཏུ་ཐོན་པར་བྱས་ཏེ་རྨང་གཞི་ཇེ་ལེགས་དང་སྐྱེ་སྟབས་ཀྱི་ནུས་པར་སྦྱོང་བརྡར་ལེགས་པོ་བྱས་ཏེ་དུས་ལྟར་ཏུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཉམས་སུ་མྱོང་དུ་འཇུག་དགོས་ཟེར། དུས་མཉམ་དུ་སྐྱེ་ཁམས་ཀྱི་ནུས་པ་དང་རིན་ཐང་འདོན་སྤེལ་ལེགས་པོ་བྱས་ཏེ་ཤུགས་ཆེན་པོས་རང་རེའི་ཞིང་ཆེན་གྱི་ལྗང་མདོག་ཚོང་རྟགས་གསར་བསྐྲུན་བྱེད་དགོས་ཟེར།   

ཀྲུང་གོའི་མཚོ་བོད་ལྕགས་ལམ་ཀུང་སི་རུ་ཁུང་ཡོང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མེ་འཁོར་ས་ཚུགས་དང་འཕྲུལ་གཉེར་ལས་ཚན། བཀོད་འདོམས་ས་ཁུལ་སོགས་སུ་སོང་ནས་རིམ་པ་དང་པོའི་ལས་བྱེད་པ་དང་བརྩེ་བའི་མཚམས་འདྲི་མཛད་དེ་སྤྱིའི་འཁོར་རྒྱུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོང་གིས་བསྟན་དོན།  འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་དང་ལྕགས་ལམ་སྔོན་སྤྱོད་ཀྱི་ལོ་རྒྱུས་འོས་འགན་ཕྲག་ཏུ་ཁུར་ཏེ་བཅུ་བཞི་ལྔའི་འཆར་གཞིའི་སྒྲིག་གཞི་དང་དམ་པོར་འབྲེལ་དེ་ཕྱོགས་ཡོངས་ནས་ལྕགས་ལམ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུའི་ཆུ་ཚད་ལ་འགན་སྲུང་ལེགས་པོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འབུར་ཐོན་འཇོག་དགོས་ཟེར།