མགོན་པོ་དྲག་རྩལ་ཁང་གིས་མཚོ་སྔོན་གངས་ལྗོངས་དྲག་རྩལ་ཁང་ནས་དྲག་རྩལ་རྟེན་གཞི་བཙུགས་ཏེ་སྒོ་བྱང་བཀལ།
2019.10.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 696


མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ་སྟག་འབུམ་ཐར་ལགས་གཙོས་ཚོགས་ཞུགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱི་མཉམ་པར། 

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་རྨ་ལྷོ་ཁུལ་དྲག་རྩལ་མཐུན་ཚོགས། མཚོ་སྔོན་གངས་ལྗོངས་དྲག་རྩལ་མགོན་པོ་དྲག་རྩལ་ཁང་དབུ་བརྙེས་པའི་གདན་ཞུའི་འགྲན་བསྡུར་གྱི་མཛད་སྒོ་དེ་གཅན་ཚ་རྫོང་ནས་བསྡུས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྔོན་ཆད་ཀྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ་སྟག་འབུམ་ཐར་གཙོ་བྱས་ཏེ་ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་ཚོགས་ཐོག་ཏུ་ཞུགས།

མཚོ་སྔོན་གངས་ལྗོངས་དྲག་རྩལ་ཁང་ནི་ཉིས་སྟོང་བཅུ་དྲུག་ལོར་བཙུགས་ཤིང་། མཚོ་བོད་མཐོ་སྒང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་རིག་གནས་ཐོན་རྫས་གཙོ་བྱས་ཏེ། མཐོ་སྒང་གི་ལུས་རྩལ་རིག་གནས་ཁྱབ་རྡལ་དང་སྔོག་འདོན་གང་ལེགས་བྱེད་ཀྱིན་ཡོད།

དྲག་རྩལ་ཁང་འདིའི་སྣེ་མོ་ལས་འཛིན་པ་ནི་སྐུ་ཞབས་སངས་རྒྱས་དོན་འགྲུབ་ལགས་རེད། སངས་རྒྱས་དོན་འགྲུབ་ཀྱིས་ཆུང་དུས་ནས་རང་གི་དྲག་རྩལ་ལ་དགའ་བའི་རྨི་ལམ་དེ་ནམ་ཡང་སེམས་སུ་ཉར་ནས། རྩྭ་ཐང་གི་འབྲོག་གཤིས་ལ་སྙིང་སྟོབས་ཀྱི་གོ་ཆ་སྤྲད་དེ། སློབ་མཐར་ཕྱིན་རྗེས་སུ་རྒྱལ་ནང་གི་ཧྲོ་ལེན་དགོན་པ་སོགས་སུ་སོང་ནས་དྲག་རྩལ་སྦྱངས་ཤིང་། མཐར་ཕྱིན་རྗེས་ཕ་ཡུལ་དུ་ཡོང་ནས་ས་གནས་མི་དམངས་ཀྱི་ཁྲོད་དུ་དྲག་རྩལ་ལ་དགའ་མཁན་སྐྱེད་བསྲིང་བྱེད་པ་དང་། དྲག་རྩལ་ལ་བརྟེན་ནས་གཅན་ཚའི་ཡུལ་སྐོར་རིག་གནས་ལ་ཞབས་འདེགས་ཞུ་པ་མ་ཟད། ཤ་དར་ཁྲག་དར་གྱི་ན་གཞོན་མང་པོ་ཞིག་ལ་ཚེ་སྲོག་གི་ཕུགས་འདུན་གསར་བ་བསྩལ་ཞིང་། དྲག་རྩལ་གྱི་བྱེད་ལས་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་པ་དང་། དྲག་རྩལ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་བཀུག་ཅིང་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་མཆིས། ཁོས་ཐེངས་འདིའི་བྱ་འགུལ་དང་སྦྲགས་རང་གི་ཕུགས་འདུན་ངོས་ནས་གླེང་རྒྱུར།

ཐེངས་འདིའི་མཚོ་སྔོན་གངས་ལྗོངས་དྲག་རྩལ་མགོན་པོ་དྲག་རྩལ་ཁང་དབུ་བརྙེས་པའི་མཛད་སྒོ་ལ་མཚོན་ན་རྒྱལ་ཁབ་ཕྱི་ནང་ན་མིང་དུ་གྲགས་པའི་མགོན་པོ་དྲག་རྩལ་ཁང་གིས་གངས་ལྗོངས་དྲག་རྩལ་ཁང་ལ་མཉམ་འབྲེལ་སྒོས་གཅན་ཚ་ས་ཁུལ་དུ་དྲག་རྩལ་གྱི་དཔུང་ཤུགས་ཆེ་རུ་བསྐྱེད་པའི་རྟེན་གཞི་བཙུགས་པ་རེད་ལ། དྲག་རྩལ་ལ་དགའ་བའི་ན་གཞོན་དག་ལ་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་འདོན་སྤྲོད་བྱས་པ་རེད། མགོན་པོ་ལགས་ཀྱིས་ཐེངས་འདིའི་མཛད་སྒོ་དང་སྦྲགས་ནས་ཁ་བརྡ་བྱེད་རྒྱུར།

དྲག་རྩལ་ནི་མི་བུ་རེ་རེ་ཐང་ལ་འགྱེལ་ཡང་སླར་ལངས་ཕོད་པའི་སྙིང་སྟོབས་ཀྱི་གོ་ཆ་ཞིག་རེད། དྲག་རྩལ་ནི་འགུལ་སྐྱོད་མེད་པའི་མི་བུ་དག་ལ་ལུས་སྟེང་གི་བག་ལ་ཞ་བའི་རྩ་རྒྱུས་རེ་རེར་མཉེན་ཤུགས་སྟེར་བའི་སྦྱོང་བརྡར་ཞིག་རེད། དྲག་རྩལ་ནི་སེམས་ཁམས་གཉོམ་སོ་ན་ལུས་པའི་མི་བུ་རེ་འགས་སླར་གསོན་གྱི་རེ་བ་རྙེད་པའི་ཆིག་ཐུབ་ཀྱི་སྨན་མཆོག་ཅིག་རེད། དྲག་རྩལ་ནི་ནང་སེམས་ཀྱི་ཤེས་རབ་དང་ཕྱི་ལུས་ཀྱི་སྟོབས་ཤུགས་གཉིས་རྐྱ་རུ་སྦྲེལ་བའི་ཕྱོགས་བསྡུས་ཀྱི་འགྲན་རྩོད་ཅིག་རེད།


མཛད་སྒོའི་སྟེང་གི་དྲག་རྩལ་གྱི་འཁྲབ་སྟོན། 


གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་འཁུར་པ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།