ལིག་ཉིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཐའེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་སྟེང་གཏམ་བཤད།
2019.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཉིས་སྟོང་བཅུ་དགུ་ལོའི་ཐའེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་སྟེང་ཞུགས་ནས་གཏམ་བཤད་དེ་བཞེད་དོན། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་རྣམ་པ་གསར་བའི་ནུས་ཁུངས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། ནུས་ཁུངས་ཐན་ཉུང་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ལིག་ཉིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ནུས་ཁུངས་མཁོ་སྤྲོད་དང་དགོས་མཁོའི་འགྱུར་ལྡོག་གི་མཚོན་རྟགས་མངོན་གསལ་དོད་ཤོས་ནི་ནུས་ཁུངས་གཙང་མས་འགྱུར་རྡོའི་ནུས་ཁུངས་ཀྱི་ཚབ་བྱས་ཏེ། རྡོ་སོལ་དང་སྣུམ། སོལ་རླངས། ཉིང་རྡུལ། ནུས་ཁུངས་གསར་པ། སླར་སྐྱེ་རུང་བའི་ནུས་ཁུངས་སོགས་སྣ་མང་ཅན་གྱི་ནུས་ཁུངས་མཁོ་སྤྲོད་ཀྱི་ཕྱོགས་བསྡུས་ཕུང་པོ་ཞིག་ཆགས་པར་བྱེད་རྒྱུ་དེ་ཡིན།  ཐན་ཉུང་ནུས་ཁུངས་གཙང་མའི་ཕྱོགས་བསྡུས་ནུས་ཁུངས་ཀྱི་དུས་རབས་སླེབས་བཞིན་ཡོད།  མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པས། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“རིན་ཐང་ཆེས་ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་བའི་དུས་མཚུངས་སུ ་ནུས་ཁུངས་འཛད་སྤྱོད་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་ནུས་ཁུངས་མཁོ་སྤྲོད་མ་ལག་ཇེ་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ནུས་ཁུངས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཚད་མགྱོགས་སུ་གཏོང་བ། ནུས་ཁུངས་སྒོ་དབྱེའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཆུ་གློག་སྔོན་ལ་འཕེལ་རྒྱས་གཏོང་བ། ཉི་ནུས་དང་རླུང་ནུས་གསར་སྤེལ་ཤུགས་ཆེན་བྱེད་པ་བཅས་ནུས་ཁུངས་གཙང་མའི་ཞིང་ཆེན་ཆེན་པོ་ཞིག་ཏུ་འགྱུར་བར་འབད་དེ། གསར་གཏོད་སྣེ་ཁྲིད་དང་དྲ་རྒྱའི་མཐུན་སྦྱོར། ནུས་མང་གསབ་རེས། ཐོན་ལས་ལ་སྐུལ་ཁྲིད། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ནུས་ཁུངས་གསར་པའི་ལམ་བུ་ཞིག་ལ་འཚོལ་ཞིབ་རགས་ཙམ་བྱས་ཡོད་ཟེར།

ལིག་ཉིང་གིས་བཤད་རྒྱུར། ན་ནིང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་གྱིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་འཇུག་རྒྱུར་ཆོག་མཆན་སྤྲད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ནུས་ཁུངས་ཀྱི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་བླང་བྱ་གལ་ཆེན་དང་། ནུས་ཁུངས་གསར་པ་གཞི་ཁྱོན་ཅན་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། ནུས་ཁུངས་གཙང་མ་བེད་སྤྱོད་བྱ་རྒྱུ་དམིགས་ཚད་དུ་འཛིན་པ། ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱེད་པ། རིག་ནུས་གློག་དྲ་འཛུགས་སྐྲུན་ལ་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ནུས་ཁུངས་གཙང་མ་འཛུགས་སྐྲུན་དང་བེད་སྤྱོད། ཕྱིར་གཏོང་བཅས་ཀྱི་དཔེ་སྟོན་ཞིང་ཆེན་ཞིག་བསྐྲུན་དགོས། གཅིག་ནས་ནུས་ཁུངས་གཙང་མའི་ཐོན་ལས་རྟེན་གཞི་བཙུགས་ནས་ཆུ་དང་འོད། རླུང་། ཉིང་རྡུལ། ཚ་བ་སོགས་ནུས་མང་གསབ་རེས་དང་འདུས་གྲུབ་ལེགས་གཏོང་གི་ནུས་རྒྱུ་གཙང་མའི་མ་ལག་ཧུར་ཐག་ངང་བསྐྲུན་དགོས་ལ།  གཉིས་ནས་ཕན་འབྲས་མཐོ་བའི་ནུས་ཁུངས་དྭངས་གཙང་གི་ཐན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་དང་ནུས་ཁུངས་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་ལ་སྣེ་འདོམས་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤོར་བྱེད་པ་བཅས་བྱས་ནས་ནུས་ཁུངས་གཙང་མའི་གློག་གཏོང་ཚོད་ལྟ་དུས་ཡུན་དེ་བས་ཇེ་རིང་དུ་གཏོང་དགོས། གསུམ་ནས་ཚན་རྩལ་གསར་གཏོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དྲ་སྦྲེལ་དང་གཞི་གྲངས་ཆེན་པོ། ནུས་ཁུངས་གསར་པ་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། བཞི་ནས་ནུས་ཁུངས་གཙང་མའི་འཛད་སྤྱོད་མ་ལག་བཙུགས་ནས་ནུས་པ་ཚང་བའི་ཐོན་སྐྱེད་མ་ལག་དང་ཐོན་འཚོང་འབྲེལ་མཐུད་ཀྱི་འཛད་སྤྱོད་མ་ལག་མགྱོགས་ངང་མྱུར་ཆགས་པ་བྱས་ཏེ་མཚོ་སྔོན་གྱི“གློག་ཤུགས་དམིགས་བསལ་ཁུལ”ཧུར་ཐག་སྒོས་བསྐྲུན་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གོང་གསལ་བྱ་འགུལ་ལ་ཞུགས།