ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་སྒྲོག་བྱས།
2019.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

སྲོལ་ཡིག་ལས་ཟས་རིགས་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་ཟས་རིགས་བདེ་འཇགས་ཚད་གཞི་སོགས་རྨང་གཞི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་ཟས་རིགས་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་མཇུག་འབྲས་ཀྱི་བཀོལ་སྤྱོད་ལ་ཤུགས་བསྣན་པ་དང་། ཟས་རིགས་བདེ་འཇགས་ཀྱི་ས་གནས་ཚད་གཞིའི་གཏན་འཁེལ་ཚད་ལྡན་དུ་བཏང་བ། ཁེ་ལས་ཚད་གཞིའི་སྙན་སེང་ཐོ་འགོད་ཀྱི་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་ཡོད།

སྲོལ་ཡིག་ལས་ཐོན་སྐྱེད་བདག་གཉེར་མཁན་གྱི་ཟས་རིགས་བདེ་འཇགས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་པ་དང་། ཟས་རིགས་བདེ་འཇགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ཐད་ཀྱི་བཅའ་ཁྲིམས་འགན་འཁྲི་འཐུས་ཚང་དུ་བཏང་ཡོད།