ལིག་ཐའོ་ཡིས་མཚོ་ནུབ་ཁུལ་གྱི་སློབ་གསོ་དང་ཚོང་དོན་བྱ་བར་རྟོག་ཞིབ་བྱས།
2019.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་ཝུའུ་ལན་རྫོང་། ཏུའུ་ལན་རྫོང་བཅས་སུ་སོང་ནས། ས་གནས་དེ་དག་གི་རྨང་གཞི་སློབ་གསོ་ཁྱབ་བརྡལ་དུ་བཏང་བ་དང་སློབ་རའི་བདེ་འཇགས། སློབ་གསོ་རོགས་སྐྱོར། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་རང་འཁྲིའི་ལས་འགན་ལག་བསྟར་བཟང་བོ་བྱེད་རྒྱུ་དང་སློབ་གྲྭའི་སློབ་གསོ་དང་སློབ་སྒྲུབ་ཆ་ཚད་མངོན་སུམ་ཇེ་མཐོར་གཏོད་པ། ཞིང་སྡེའི་གློག་རྡུལ་ཚན་རིག་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བ་བཅས་ལ་འབད་དེ། རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བསམ་པའི་འདོད་བློ་སྐོང་ཅི་ཐུབ་བྱེད་དགོས་ཟེར།

ལིག་ཐའོ་སྔ་གཞུག་ཏུ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་དང་མི་རིགས་སློབ་འབྲིང་དང་པོ། བྱིས་སྐྱོང་ཁང་གཉིས་པ། ཝུའུ་ལན་རྫོང་གི་ཚོད་ལྟའི་སློབ་ཆུང་དང་སློབ་འབྲིང་དང་པོ་བཅས་སུ་དངོས་བཅར་བྱས་ནས། སློབ་གྲྭ་དེ་དག་གི་སློབ་རའི་ཁོར་ཡུག་དང་སློབ་ཁྲིད་སྒྲིག་ཆས་ལ་རྟོག་ཞིབ་བྱས་པར་མ་ཟད། སློབ་གྲྭའི་སློབ་གསོའི་སྤུས་ཚད་དང་དགེ་རྒན་གྱི་སྡེབ་སྒྲིག སློབ་གསོའི་ལས་དོན་ཁྲོད་ཀྱི་དཀའ་གནད་བཅས་ལ་ཞིབ་ཏུ་རྒྱས་ལོན་བྱས་ཏེ་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས་རིམ་པ་སོ་སོའི་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་མི་ཉམས་འཕེལ་རྒྱས་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་དང་དམངས་འཚོའི་ཇུས་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་ཧུར་ཐག་འཇོག་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཐད་སྔོན་ལ་བཀོད་སྒྲིག་བྱེད་པ། ནོར་སྲིད་ཀྱི་མ་དངུལ་གཏོང་བའི་ཐད་སྔོན་ལ་འགན་ལེན་བྱེད་པ། སྤྱི་བའི་ཐོན་ཁུངས་བཀོད་སྒྲིག་གང་ལེགས་བྱེད་པ། སློབ་གསོའི་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གསོ་ཡག་པོ་གཉེར་དགོས་ཟེར།

དེའི་རྗེས་ལིག་ཐའོ་ཡིས་ཝུའུ་ལན་རྫོང་གི་གློག་རྡུལ་ཚོང་དོན་ཐོན་ལས་ར་བ་དང་ཏུའུ་ལན་རྫོང་གི་གློག་རྡུལ་ཚོང་དོན་འཁོར་རྒྱུག་ལྟེ་གནས་སུ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཕྱི་རོལ་ཆོས་ཉིད་གཞིར་བཟུང་ནས། གསོ་སྐྱོང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་ལྟར་ཁྱབ་བརྡལ་ཉམས་མྱོང་སྤྱི་སྡོམ་བྱེད་པ། ཚོང་དོན་གྱིས་ཞིང་ལས་ཕན་འབྲས་ཇེ་མཐོར་གཏོང་བ་དང་ཞིང་སྡེའི་ལས་ཞུགས་ཐག་གཅོད་པ། ཞིང་བའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གློག་རྡུལ་ཚོང་དོན་གྱི་ལས་རྣམ་གསར་བ་འབད་པས་བཙལ་ནས། ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་། གློག་རྡུལ་ཚོང་དོན་གྱི་བདེ་ཐང་འཕེལ་རྒྱས་ལ་ཟམ་མི་ཆད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཟེར།