ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2019.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

 ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།  ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་པོའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་དྲུག་ཉིན་ཏིའོ་དབྱི་ཐའེ་རྒྱལ་མགྲོན་ཁང་དུ་འགོ་མཛིན་མཛད་དེ་ཀོང་ཀྲིག་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཞང་ཀང་དང་ཨོ་མིན་ལ་ཕན་པ་ཡོད་པའི་བྱེད་ཐབས་སྐོར་ཞིག་ཕྱིར་འདོན་པར་ཞིབ་འཇུག་བྱས་པ་མ་ཟད། དུས་རིམ་རྗེས་མའི་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་ཐད་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱེད་པ། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི་རང་རྒྱལ་གྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་གྱི་དགེ་མཚན་ཡིན་པས། ང་ཚོས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ནམ་ཡང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། མཐའ་གཅིག་ཏུ་ཞང་ཀང་དང་ཨོ་མིན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མེས་རྒྱལ་དར་རྒྱས་འབྱོར་ཕྱུག་གི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞིའི་འོག ནམ་ཡང་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་བྱ་བ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཅིག་གི་སྔོན་འགྲོའི་འོག ལམ་ལུགས་གཉིས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱི་ཁྱད་འཕགས་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཡོངས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་པ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཚད་ཤིང་བསྐྲུན་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་པ་དང་། ཧུར་ཐག་གིས་གནད་འགག་ལག་རྩལ་གཙོ་བོའི་གསར་གཏོད་སྟེང་ཐོད་བརྒལ་མངོན་འགྱུར་བྱེད་དགོས། དམངས་ཚིས་བདེ་སྐྱིད་ལེགས་སྒྱུར་གྱི་རྐང་འཛུགས་ས་དང་འགོ་ཚུགས་སར་དམ་འཛིན་བྱས་ཏེ། མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་འདོགས་ཐུབ་པར་བྱེད་པ་དང་། ནང་སྒོས་སུ་ཞང་ཀང་དང་ཨོ་མིན་གྱི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོའི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཉམ་ལས་འཕེལ་རྒྱས་ཀྱི་སྟེགས་བུའི་འདྲེན་བྱེད་གལ་ཆེན་དམ་འཛིན་བྱས་ནས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་གསུམ་གྱི་མཉམ་ལས་ཟུང་འབྲེལ་བྱེད་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་བྱེད་གནས་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཞི་གྲོས་ཚོགས་ལ་ཞུགས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡུའེ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚུའེ་ཧྲི་ཨན་གཉིས་གྲོས་ཚོགས་ལ་ཞུགས།