ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།
2019.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྱི་འཛམ་གླིང་འདི་ལོ་བརྒྱའི་རིང་ལ་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་དང་འཕྲད་པའི་སྐབས་འདིར། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་ལྷོ་ནུབ་ཕྱོགས་རིག་གནས་ཀྱི་འཐུས་ཚབ་ཡིན་པའི་ཆ་ནས། འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། འགན་འཁྲི་སྔར་ལས་མང་པོ་འཁུར་ནས་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མཚོན་པར་བྱེད་དགོས། ངས་ཁྱོད་དང་མཉམ་དུ། འཛམ་གླིང་དང་མ་འོངས་པ། མི་དམངས་བཅས་ལ་ཁ་ཕྱོགས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་བཏང་སྟེ། མུ་མཐུད་དུ་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྔོན་གྲལ་དུ་བསྐྱོད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་དམིགས་འབེན་ཆེན་པོ་དྲུག་ལ་དམ་དུ་དམིགས་ནས། བརྗེ་རེས་དང་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་འཕེལ་བར་བྱས་ཏེ། ཕན་འབྲས་ངོ་མ་ལེན་འདོད་ཡོད། གཅིག ཆབ་སྲིད་ཀྱི་ཡིད་ཆེས་ལ་སྲུང་སྐྱོབ་དང་ཇེ་དྲག་ཏུ་གཏོང་འདོད་ཡོད། གཉིས། ལས་གཞི་ཆེན་པོའི་མཉམ་ལས་མུ་མཐུད་དུ་སྤེལ་འདོད་ཡོད། གསུམ། ཕྱོགས་གཉིས་བར་དུ་ཁྲོམ་ར་སྒོ་འབྱེད་ཚད་རྒྱ་བསྐྱེད་འདོད་ཡོད། བཞི། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་དེ་ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡ་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་འདྲེས་ཀྱི་འཐབ་ཇུས་ལ་སྦྲེལ་མཐུད་བྱེད་འདོད་ཡོད། ལྔ། གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། དྲུག རིག་གནས་བརྗེ་རེས་སློབ་སྦྱོང་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཧྥ་རན་སིའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་རྨང་གཞིར་བཟུང་བའི་ཕྱོགས་མང་ཉོ་འཚོང་རྐྱེན་སྲོལ་བཅས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་བཅོས་སྒྱུར་དེ་གྲོས་མོལ་གཅིག་གྱུར་གྱི་རྣམ་པས་ཡང་དག་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁེ་དབང་ལ་འགན་སྲུང་བྱེད་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོ་གཉིས་ལ་རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་སྟེང་ནས་གཅིག་མཐུན་གྱི་ལངས་ཕྱོགས་ཡོད། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཧྥ་རན་སི་དང་ཀྲུང་གོ་གཉིས་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཧ་ཅང་གལ་ཆེ་བའི་འགན་འཁྲི་ཡོད། ཧྥ་རན་སིས་ཀྲུང་གོའི་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ལྡན། ཧྥ་རན་སི་དང་ཀྲུང་གོས་རིག་གནས་བརྗེ་རེས་རྒྱ་བསྐྱེད་དེ་རིག་གནས་སློབ་སྦྱོང་ལ་ཡར་སྐུལ་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཧྥ་རན་སིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་ཆོད་དོན་གྱི་གྲོས་མོལ་ཇེ་མགྱོགས་སུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་བྱས་ལ། མཉམ་ལས་ཡིག་ཆ་དེ་དག་མཁའ་འགྲུལ་མཁའ་སྐྱོད་དང་ཉིང་རྡུལ་ནུས་པ། འཕྲལ་བསྟུན་དོ་དམ། རིག་གནས་ཤུལ་བཞག ཞིང་ལས། བཟོ་ལས། རང་བྱུང་ཁམས་སྲུང་སྐྱོབ། དངུལ་རྩ། ཕྱོགས་གསུམ་པའི་མཉམ་ལས་སོགས་དང་འབྲེལ་བ་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དདང་ཡོ་རོབ་གླིང་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་དང་མཉམ་ལས་ཆོད་དོན་གྲོས་མོལ་མཇུག་རྫོགས་པའི་མཉམ་འབྲེལ་གསལ་བསྒྲགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འགུལ་སྐྱོད་འཆར་གཞི་དང་ཀྲུང་གོ་དང་ཧྥ་རན་སིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་གི་པེ་ཅིན་གྲོས་གཞི་སྤེལ།

མཱ་ཁི་ལུང་གི་བདེན་དཔང་འོག་ཏུ། ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པ་ལོ་ལེང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་མཱ་ཁི་ལུང་ལ་དགའ་བསུའི་མཛད་སྒོ་བསྡུས། ཕིན་ལིས་ཡོན་དང་དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཚའོ་ཅན་མེན། ཝང་དབྱི། ཞ་པའོ་ལུང་། ཧི་ལིས་ཧྥེང་སོགས་མཛད་སྒོར་ཞུགས།