དབྱང་ཧྥུན་ཁྲུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།
2019.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དུ་སོང་ནས་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། དགེ་མཚན་ཐོན་ཁུངས་ལ་རྒྱབ་བརྟེན་པ། སྤུས་ལེགས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རིག་གནས་གནས་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

དབྱང་ཧྥུན་ཁྲུན་སྔ་གཞུག་ཏུ་ཧོང་ཀྲུང་རྫོང་ཧྥའོ་ཀུང་ལག་ཤེས་སྒྱུ་རྩལ་འཇོམ་བརྐོས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧྭ་ཧྥང་ལག་ཤེས་སྒྱུ་རྩལ་ཚད་ཡོད་ཀུང་ཟི། ཧོང་ཀྲུང་རྫོང་པད་མ་འདབ་བརྒྱད་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་མྱོང་ཚོར་ལྟེ་གནས། ལིས་ཅཱ་རི་བོ་གྲོང་རྡལ་གཙེགས་དྲུབས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་སོགས་སུ་སོང་ནས། ཁེ་ལས་ཐོན་སྐྱེད་བདག་གཉེར་དང་གཟུགས་འདས་རིག་གནས་རྒྱུན་འཛིན་མྱོང་ཚོར། མཚོ་སྔོན་གྱི་གཙག་དྲུབ་རྟེན་གཞི་འཛུགས་སྐྲུན། རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། རིག་གནས་གནས་སྐོར་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་བ་དང་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པའི་སྣེ་ཁྲིད་པ། ཐོན་ལས་དབུལ་སྐྱོར་ཇེ་མགྱོགས་སུ་གཏོང་བའི་འདེགས་སྐྱོར་གསར་བར་གྱུར་ཡོད། རིག་གནས་ཆེན་པོ་དང་གནས་སྐོར་ཆེན་པོའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞི། ཁུལ་གནས་ཀྱི་དགེ་མཚན་ལ་རྒྱབ་རྟེན་པ། ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱེད་པ་དང་གནས་སྐོར་འཛད་སྤྱོད་ཀྱི་མྱོང་ཚོར་མཐོར་འདེགས་བཏང་སྟེ། རིག་གནས་གནས་སྐོར་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་གཙོ་ཁྲིད་ཐོན་ལས་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་དང་རྐང་འཛིན་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་གཙོ་བོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་མཁོ་འདོན་ཇེ་ཆེར་གཏོང་བ། དེང་རབས་རིག་གནས་གནས་སྐོར་ཚོང་རའི་དགོས་མཁོ་སྐོང་བ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ། རིག་གནས་གནས་སྐོར་ཐོན་ལས་མགྱོགས་མྱུར་དང་བདེ་ཐང་། གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།